འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་15ཉིན།

༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་སྤུས་རྟགས་རྫུས་མའི་ཨ་རག་དཀར་པོ་བཟོ་འཚོང་གྱོད་གཞི་དམིགས་བསལ་ཅན་
ཞིག་རྩད་ཆོད་བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་15ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་སྤུས་རྟགས་རྫུས་མའི་ཨ་རག་དཀར་པོ་བཟོ་འཚོང་གྱོད་གཞི་དམིགས་བསལ་ཅན་
ཞིག་རྩད་ཆོད་བྱུང་བ།
   མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས་ “ལིན་ཆེ་གེ་མོ་སོགས་ཀྱིས་སྤུས་རྟགས་རྫུས་མའི་ཨ་རག་བཟོ་འཚོང་བྱས་པའི་ཧ་ཅང་ཚབས་ཆེ་བའི་”གྱོད་གཞི་རྩད་ཆོད་བྱུང་ཞིང་། ཞིང་ཆེན་མང་པོ་དང་འབྲེལ་བ་ཡོད་པའི་རྫུན་བཟོ་རྫུན་འཚོང་གི་ཉེས་གསོག་ཚོགས་པ་ཆེ་གྲས་མེད་པ་བཟོས་པ་དང་། སྤུས་རྟགས་རྫུས་མའི་ཨ་རག་ཤེལ་དམ་ཁྲི་3.5དང་ཕྱེད་བཟོས་ཐོན་རྫས་ཏུན་25རྩད་ཆོད་བྱུང་བས་གྱོད་འབྲེལ་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་1.7ཟིན་ཡོད་ཅེས་བརྡ་ཁྱབ་སྤེལ་བ་རེད།
    ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མ་ཏན་ཀྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཟླ་6པར་ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས་ས་གནས་དེ་གའི་ཁྲོམ་རར་ཨ་རག་སྤུས་དག་དཀར་པོ་རྫུས་མ་བཙོངས་པའི་ཉེས་གསོག་དོགས་ཡོད་ཁུངས་སྣེ་ཞིག་ཤེས་རྟོགས་བྱུང་རྗེས། དཔལ་འབྱོར་མྱུལ་ཞིབ་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་གྱོད་གཞིའི་ཁུངས་སྣེར་ཞིབ་འཇུག་བརྡར་གཅོད་དང་། ཁུངས་སྣེ་རྒྱ་སྐྱེད། སྔོག་འདོན་གཏིང་ཟབ་བཅས་ཀྱི་ལས་དོན་སྤེལ་མཐར། ཚོགས་པ་ཞིག་གིས་ས་གནས་དེ་གའི་ཐ་མག་དང་ཨ་རག་ཚོང་ཁང་ལ་ཟོག་ཁུངས་མཁོ་འདོན་བྱེད་པའི་ཉེས་གསོག་དོན་དངོས་གཞི་རྩའི་ཆ་ནས་རྩད་ཆོད་བྱུང་བ་རེད།
   ཞིབ་བཤེར་བྱས་པ་བརྒྱུད། ལིན་ཆེ་གེ་མོ་བཟའ་ཟླ་གཉིས་དང་དེ་བཞིན་གཉེན་ཉེ་མི་བཞི་པོས་དུས་ཡུན་རིང་པོའི་ནང་སྤུས་རྟགས་གྲགས་ཅན་ཨ་རག་རྫུན་མ་བཟོ་འཚོང་བྱེད་པ་དང་། ཕ་ཡུལ་གཅིག་གི་མི་དང་མཉམ་དུ་ནག་ཉེས་ཀྱི་བྱ་བ་སྒྲུབ་པ། ཞིང་ཆེན་མང་པོར་འཚོང་ལམ་གཏོད་པ། ཁུལ་བགོ་ལས་བགོ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། “ཐོན་སྐྱེད་དང་། སྡེབ་ཚོང་། བྲིན་ཚོང་”བཅས་ཚང་མ་གཞི་གཅིག་ཏུ་བསྡུས་ནས་ཁྲིམས་འགལ་གཉེར་སྐྱོང་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།
   ན་ནིང་ཟླ་7ཚེས་31ཉིན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་གྲོང་དབུས་ཡན་ལག་ཅུས་ཀྱིས་ལིན་ཆེ་གེ་མོ་སོགས་ལ་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་རེད། གྱོད་གཞི་དེ་གལ་ཆེན་དང་རྙོག་འཛིང་ཆེ་བ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་མང་པོ་ཡོད་པར་དམིགས་ཏེ། ཡན་ལག་ཅུས་ཀྱིས་ལས་དོན་ཆེད་གཉེར་ཚོ་ཆུང་འཛུགས་པ་དང་། ལས་ཀའི་ཇུས་གཞི་ཞིབ་ཚགས་དང་འཐུས་ཚང་དུ་གཏོང་བ། ཉེས་དོན་མྱུལ་ཞིབ་དང་། བདེ་སྐྱོང་། ཁྲིམས་ལུགས་སོགས་ཉེན་རྟོག་སྟོབས་ཤུགས་དམིགས་བསལ་ཅན་སྡེབ་སྒྲིག་བཅས་བྱས་ནས་མྱུལ་ཞིབ་དཔང་ལེན་དང་འཛིན་བཟུང་དྲ་བསྡུ་ལས་དོན་གཏིང་ཟབ་ཏུ་སྤེལ་ཡོད། 
   ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས་དྲ་བསྡུའི་ཇུས་གཞི་ཞིབ་ཚགས་ངང་བཟོས་ཐོག་དཔལ་འབྱོར་མྱུལ་ཞིབ་དང་། དྲ་བའི་བདེ་སྐྱོང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱི་སྟོབས་ཤུགས་སྐོང་ཚོགས་བྱས་པ་དང་། ཉེན་རྟོག་པ་500ལྷག་ཙམ་སྐོང་འཐེན་བྱས་ནས་ན་ནིང་ཟླ་12ཚེས་28ཉིན་ཟི་ལིང་དང་། ལན་ཀྲོའུ། ནན་ཅིང་། ཧོ་ཧྥེ་བཅས་ས་ཁུལ་བཞིར་གཅིག་སྡུད་དྲ་བསྡུ་བྱ་སྤྱོད་སྤེལ་ཡོད་པ་རེད།
   ད་ཐེངས་ཀྱི་བྱ་སྤྱོད་དེས་རྫུན་བཟོ་བྱ་ཡུལ་2དང་ཐོན་སྐྱེད་བྱ་ཡུལ་2མེད་པར་བཟོས་པ་དང་། གསོག་ཉར་མཛོད་ཁང་5རྙེད་པ། ཚོང་ཁང་30ཞིབ་བཤེར་ཐག་གཅོད་བྱས་པ།ཨ་རག་དཀར་པོ་སྤུས་རྟགས་གྲགས་ཅན་རྫུས་མ་ཞིབ་བཤེར་ཐུབ་པ་དེ་དག་གི་ནང་ཚོང་རྟགས་10ཚུད་ཡོད། ཁྱོན་བསྡོམས་སྒམ་5817ཏེ་ཤེལ་དམ་ཁྲི་3.49རྩད་ཆོད་ཐུབ་པ་དང་། རྫུན་བཟོ་བྱེད་དངོས་པོ་ཏུན་25ལ་སྒོ་ཐེལ་བརྒྱབ་པ། གྱོད་གཞི་དང་འབྲེལ་བ་ཡོད་པའི་རླངས་འཁོར་6ཞིབ་བཤེར་རྩིས་ལེན་བྱས་པ་རེད།
   མྱུལ་ཞིབ་བྱས་པ་བརྒྱུད། 2014ལོ་ནས་བཟུང་ཉེས་གསོག་དོགས་ཅན་ལིན་ཆེ་གེ་མོ་སོགས་ཀྱིས་ཟི་ལིང་གྲོང་ཁྱེར་དུ་མཛོད་ཁང་5བཙུགས་ཏེ་ཞིང་ཆེན་ཕྱི་རོལ་ནས་སྤུས་རྟགས་རྫུས་མའི་ཨ་རག་དཀར་པོ་འབོར་ཆེན་སྒྲིག་འཛུགས་དང་སྐྱེལ་འདྲེན་བྱས་པ་དང་། ཨ་རག་ངོ་མའི་རིན་གོང་20%ཙམ་གྱི་ཐོག་ནས་ཐ་མག་དང་ཨ་རག་ཚོང་ཁང་མང་པོ་ཞིག་ལ་བྲིན་ཚོང་བྱས་ནས་ཁྲིམས་འགལ་གྱི་ཁེ་ཕན་དོན་གཉེར་བྱེད་ཀྱི་ཡོད་པ་རེད།
   ན་ནིང་ཟླ་10པ་ནས་ཟླ་12པའི་བར་ཚོགས་པ་དེས་སྤུས་རྟགས་རྫུས་མའི་ཨ་རག་སྒམ་1000ལྷག་ཙམ་བཙོངས་ཡོད་པ་ལས་དངུལ་འབོར་སྒོར་ཁྲི་2700ཟིན་ཡོད་པ་རེད། སྤུས་རྟགས་རྫུས་མའི་ཨ་རག་དཀར་པོའི་འབྱུང་ཁུངས་ཀན་སུའུ་དང་ཅང་སུའུ་སོགས་ནས་ཡིན་ཞིང་། གཙོ་བོ་ཨ་རག་གྲགས་ཅན་གྱི་ཐུམ་སྒྲིལ་དང་མཚོན་རྟགས་ཉོ་སྒྲུབ་བྱས་པ་དང་སྤྱིར་བཏང་གི་ཨ་རག་དཀར་པོ་སྤུས་ཞན་གྱིས་ཨ་རག་སྤུས་ལེགས་ཧམ་རྫུས་བྱས་པ་དང་། རྫུན་མར་བཟོས་པའི་ཨ་རག་སྤུས་རྟགས་རྫུས་མ་སྣ་ཚོགས་ཐོན་སྐྱེད་དང་ལས་སྣོན་བྱེད་པ། ལིན་ཆེ་གེ་མོ་སོགས་ཀྱིས་མཚོ་སྔོན་དང་། ཀན་སུའུ།ཁྲུང་ཆིང་སོགས་སུ་སྐྱེལ་འདྲེན་དང་། གསོག་འཇོག བྲིན་ཚོང་བཅས་བྱེད་པའི་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་རེད།
   མིག་སྔར་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་ཁྱོན་བསྡོམས་40འཛིན་བཟུང་བྱས་པ་དང་། མི་31ཉེས་དོན་བཀག་ཉར་བྱས་པ། མི་9ཁག་འཁུར་འདྲིར་སྒུག་ཆོག་པར་བྱས་པ། གྱོད་འབྲེལ་མ་དངུལ་སྒོར་ཁྲི་995.47བསྡམས་བཅད་བྱས་པ་རེད།