འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་15ཉིན།

༄༅།།བོད་ལྗོངས་ལྷ་སས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཐབས་
ལམ་འཚོལ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་15ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།
     བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་གྲོང་མི་བསྟན་འཛིན་གྱིས་ད་ཆ་གྲོང་ཚོའི་ཁོར་ཡུག་ཡག་པོ་ཡོད་པ་དེ་ཚང་མས་རིམ་བཞིན་འགྱུར་ལྡོག་བཏང་བ་ལས་བྱུང་བ་ཞིག་རེད་ཅེས་བཤད།
   “བསྟན་འཛིན་ལགས། གྲོང་ཚོའི་གཞུང་ལམ་རྒྱ་སྐྱེད་གཏོང་དགོས་པས་ཁྱེད་ཀྱི་སྒོ་ར་རྒྱབ་བཤིག་ཕྲན་ཙམ་བརྒྱབ་ན་འགྲིག་གམ”ཞེས་གཞེས་ནིང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཕག་སྐྱག་གིས་བསྟན་འཛིན་གྱི་སར་ཡོང་ནས་ཁོང་ལ་སྒྲུབ་དཀའ་བའི་རེ་བ་དེ་བཏོན།
    “ཧྲུའུ་ཅི་ཕག་སྐྱག་ལགས། མ་གཞི་དོན་དག་དེ་ཡག་པོ་ཞིག་ཡིན་མོད། འོན་ཀྱང་ངའི་སྒོ་ར་ཆུང་དུ་འགྲོ་མི་སྲིད་དམ། དེས་མ་ཚད་ང་ཚོར་གཞུང་ལམ་བཟོ་བའི་དངུལ་ཡང་མེད”ཧྲུའུ་ཅི་ཐེངས་མང་པོ་བཙལ་དུ་ཡོང་བས་བསྟན་འཛིན་མོས་པོ་དེ་ཙམ་བྱུང་མེད།
    “དངུལ་ལ་སེམས་ཁྲལ་བྱེད་མི་དགོས། ཉིན་ཤས་གོང་རྫོང་ནས་གྲོང་ཚོའི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་ཆེད་ཆེད་མངགས་གྲོན་དངུལ་སྤྲད་སོང”ཞེས་ཕག་སྐྱག་གིས་བསྟན་འཛིན་ལ་ཁས་ལེན་བྱས་པ་དང་།“གྲོང་ཚོའི་ད་ཆའི་འགྲོ་ལམ་འདི་ཆར་པ་བབས་མ་ཐག་གང་སར་འདམ་རྫབ་ཀྱིས་ཁེངས་ཀྱི་འདུག མ་གཞི་ང་ཚོའི་གྲོང་ཚོ་དབུལ་སྒྲོལ་ཐུབ་་
ཡོད་ནའང་ལམ་འདི་ཡག་པོ་བཟོ་མ་ཐུབ་ཚེ་འཚོ་བའི་སྤུས་ཚད་ཇི་ལྟར་མཐོ་རུ་གཏོང་དགོས་སམ། དེས་མ་ཚད་ཁྱེད་རང་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་དོན་དག་དེ་སྣེ་ཁྲིད་ནས་སྒྲུབ་དགོས”ཞེས་བཤད།     གྲོང་ཚོའི་ནང་ཏང་ཡོན་མང་པོ་ཡོད་པས་ཕག་སྐྱག་གིས་ཏང་ཡོན་གྱི་ཁྱིམ་ཚང་རེ་རེ་བཞིན་བསྐྱོད་ནས་མི་རེ་རེ་བཞིན་གོ་བསྐོན་བློ་འགུག་གི་སློབ་གསོ་བརྒྱབ་མཐར་ཁོང་ཚོའི་སྣེ་ཁྲིད་འོག་གྲོང་མི་ཚོས་རང་ཁྱིམ་གྱི་སྒོ་ར་རྒྱབ་བཤིག་ཕྲན་ཙམ་བརྒྱབ་པ་རེད། 
    ས་རྒྱ་ཆེ་རུ་ཕྱིན་པས་སྒྱུར་བཀོད་བྱེད་བདེ་རུ་ཕྱིན་ཡོད་པ་རེད། ལོ་གཉིས་རིང་དག་པ་གྲོང་ཚོའི་གཞུང་ལམ་མཁྲེགས་སྒྱུར་དང་། ཤིང་འཛུགས་ནགས་བཟོར་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད། དེ་སྔོན་གྱི་ས་སྟོང་བེད་སྤྱད་ནས་སྤྱི་པའི་བར་མཐོངས་སྐྲུན་པ་རེད། ད་ཆ་དག་པ་གྲོང་ཚོའི་གཞུང་ལམ་གཙང་ཞིང་གྲལ་འགྲིག་པ་དང་རྒན་རྒོན་ཚོས་ཐང་ཆེན་དུ་ཉི་མ་སྲོ་བཞིན་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་བཞིན་ཡོད།
    མཁྲེགས་ཆས་ཀྱི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་བསྟུན་ནས་གྲོང་ཚོའི་རྩ་འཛུགས་ཀྱི་ནུས་པ་ཡང་ཆེ་རུ་ཕྱིན་ཡོད། “སྒྱུར་བཀོད་བྱས་ཚར་ཙམ་ལ་གཞུང་ལམ་གཙང་ཞིང་གྲལ་འགྲིག་པོ་ཡོད་མོད། འོན་ཀྱང་ཕྱུགས་ཟོག་གང་སར་འགྲོ་བ་དང་མང་ཚོགས་ཀྱིས་གད་སྙིགས་གང་བྱུང་དུ་དབྱུགས་པས་ཉིན་ཤས་མ་འགོར་བར་གཞུང་ལམ་བཙོག་རྐྱང་དུ་གྱུར་འདུག”ཅེས་བསྟན་འཛིན་གྱིས་ཕྱིར་དྲན་བྱེད་བཞིན་བཤད། 
    གནད་དོན་དེ་ཐག་གཅོད་བྱ་ཆེད་གྲོང་ཚོས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་འོས་འགན་གཙང་སྦྲ་བྱས་པ་རེད། གྲོང་ཚོའི་ནང་ད་དུང་ཁེ་ལས་ནང་འདྲེན་བྱས་ཏེ་གྲོང་ཚོ་ཨུ་ལྷན་གྱི་ཉེ་འགྲམ་དུ་གད་སྙིགས་ཚུར་བསྡུའི་ས་ཚིགས་བསྐྲུན་པ་དང་། གྲོང་མིས་རང་ཁྱིམ་གྱི་ཚུར་བསྡུ་ཆོག་པའི་གད་སྙིགས་དེ་འདག་རྫས་དང་། གད་གཞོང་། སྐྲ་འཁྲུད་ཆས་སོགས་འཚོ་བའི་མཁོ་ཆས་དང་བརྗེ་ཆོག་གི་ཡོད། གྲོང་ཚོའི་ལས་བྱེད་པས་ཡུན་རིང་ཁ་ཏ་བསླབ་བྱ་བྱས་པ་བརྒྱུད་གྲོང་ཚོའི་ཁོར་ཡུག་དང་གྲོང་མིའི་བསམ་པའི་ཉམས་འགྱུར་ལ་རིམ་བཞིན་འགྱུར་ལྡོག་བྱུང་བ་རེད།
     ཁོར་ཡུག་ལེགས་སུ་ཕྱིན་པས་དག་པ་གྲོང་ཚོ་དེ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“མཛེས་ལྗོངས་གྲོང་ཚོར”གྱུར་པ་དང་། 2019ལོ་ཚུན་དུ་ཡུལ་སྐོར་ཀུང་སི་མང་པོ་ཞིག་དང་གྲོང་ཚོའི་དབར་གྲོས་མཐུན་ཡི་གེ་བཞག་སྟེ་གྲོང་གསེབ་ཡུལ་སྐོར་ཐོན་ལས་བཏོད་པ་རེད།“ད་ཆ་གྲོང་ཚོའི་ནང་གི་མི་ཁ་ཤས་ཀྱིས་ཁྱིམ་ཚང་མགྲོན་ཁང་དང་ཟ་ཁང་བཙུགས་ཡོད་པ་དང་། ཁ་ཤས་ཡུལ་སྐོར་སྣེ་ཤན་པ་བྱེད་ཀྱི་ཡོད། ངའི་ཁྱིམ་ལ་ཡུལ་སྐོར་ཁོ་ན་ལས་བྱུང་བའི་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་འདུག”ཅེས་བསྟན་འཛིན་གྱིས་བཤད།
   དག་པ་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་པའི་བསྡུས་རིས་ཤིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ཀྱི་བླང་བྱ་དང་མཐུན་པའི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། སྡོད་མལ་ཁོར་ཡུག་བཅོས་སྒྲིག ལས་ཞུགས་གཞན་སྒྱུར། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པ་སོགས་སྲིད་ཇུས་བྱེད་ཐབས་ཁག་གྲོང་གསེབ་དར་རྒྱས་ཀྱི་རྒྱུན་གཏན་རང་བཞིན་གྱི་སྲིད་ཇུས་ནང་འཇུག་རྒྱུ་དང་། གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས་ཡུན་རིང་བརྟན་ལྷིང་གི་དབུལ་སྐྱོར་ཐོན་ལས་གཙོ་གནད་ཐོག་རོགས་སྐྱོར་འཕེལ་རྒྱས་གཏོང་རྒྱུ་དང། དབུལ་སྐྱོར་ཐོན་ལས་དང་ལྷག་པར་དུ་ཞིང་ལས་ཐོན་ལས་འཁོར་སྦྲེལ་དང་རིན་ཐང་འཁོར་སྦྲེལ་སྣུར་སྲིང་བྱས་ཏེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་ནས་ཁྱད་ལྡན་ཞིང་ཟོག་ཐོན་རྫས་སྤུས་རྟགས་ཅན་དང་རྩེར་སོན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ཁྲིད་སྟོན་བྱ་རྒྱུ་རེད།