འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་14ཉིན།

༄༅།།མོག་མོག་བཙོངས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་14ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། དགུན་ཨ་རང་ད་རང་སྐབས་སུ་མཚོ་བོད་ས་མཐོའི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་15ལྷག་ཙམ་ལ་སླེབས་ཡོད། འོན་ཀྱང་མ་ལན་ཧྥང་གི་མོག་མོག་བཟོ་སའི་ཐབ་ཚང་ནང་དྲོ་སོབ་སོབ་ཡིན་པ་དང་། མོག་ཕྲུའི་ནང་གི་མོག་མོག་རླངས་པ་འཚུབ་འཚུབ་ངང་སྐུ་མགྲོན་ཚོར་འདྲེན་གྱི་ཡོད།
   མ་ལན་ཧྥང་ནི་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཁུལ་ཚི་ཡིའུ་སྡེ་ཁུལ་གྱི་ཧུད་རིགས་གྲོང་མི་ཞིག་ཡིན། ཁོང་ན་གཞོན་སྐབས་མཚོ་ཤར་གྲོང་ཁྱེར་མིང་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་ཟི་ལིང་དུ་མནའ་མར་ཡོང་བ་རེད། ལོ་ན་རྒས་པ་དང་སྦྲགས་མི་རིགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ལྟར་ཚང་མས་ཁོང་ལ“ཨ་ཅག་ལགས”ཞེས་བརྗོད་ཀྱི་ཡོད།
   འདི་ལོ་ལོ་60ལ་སླེབས་པའི་ཁོང་གིས་རང་ཉིད་ཀྱིས་ཆུང་དུས་ནས་ད་ལྟ་བར་བཟོ་མྱོང་བའི་མོག་མོག་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་ཏུ་གྱུར་ཡོང་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མེད།
   “ལོ་ཤས་གོང་། ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཞན་པ་དང་བཟའ་ཟླའི་གཟུགས་པོའང་ཡག་པོ་མེད་པས་འཚོ་བ་ཧ་ཅང་དཀའ་ལས་ཁག་པོ་བྱུང”ཞེས་འདས་ཟིན་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་མ་ལན་ཧྥང་གིས་དབུགས་རིང་གཏོང་བཞིན་དུ་དེ་ལྟར་བཤད། ཁོང་གིས“སྟབས་ལེགས་པ་ཞིག་ལ་ཧྲུའུ་ཅི་ཁྲེན་ལགས་ཀྱིས་མོག་མོག་འཚོང་བའི་ཐབས་ལ་བརྟེན་ནས་ང་ཚོར་ཡོང་འབབ་རག་ཐབས་བྱས་བྱུང”ཞེས་བཤད།
   མ་ལན་ཧྥང་གིས་བརྗོད་པའི་ཧྲུའུ་ཅི་ཁྲེན་ལགས་ནི་ཁྲེན་ཧྥུང་ལན་ཡིན་པ་དང་། ཁོང་ནི་ཚི་ཡིའུ་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་རེད། “ཨ་ཅག་ལགས་ཀྱིས་བཟོས་པའི་མོག་མོག་གི་བཟོ་ལྟ་ཡག་པ་མ་ཟད། བྲོ་བའང་ཞིམ་པོ་ཡོད་པས་ཕྱིར་བཙོངས་ན་ཡག་པོ་ཡོང་ངེས་རེད་སྙམ་ནས་ཨ་ཅག་ལཌ་ཁོང་ཚོ་ཕྱུག་འགྱུར་གྱི་ལམ་བུར་སྣེ་ཁྲིད་བྱས་པ་ཡིན”ཞེས་ཁྲེན་ཧྥུང་ལན་གྱིས་བཤད།
   ཧུད་རིགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ལ“ཁྱིམ་ཚང་བརྒྱ་ཡི་སྟོན་མོ”བཤམས་སྲོལ་ཡོད། ལོ་གསར་དང་དུས་ཆེན་གཏོང་རིམ་བཞིན་དུ་སྡེ་ཁུལ་གཅིག་ནང་གི་གྲོང་མི་ཚོས་སྟོན་མོའི་རྒྱུ་ཆ་གྲ་སྒྲིག་བྱས་ནས་ཚལ་སྣ་ཚོགས་བཟོས་ཏེ་མཉམ་དུ་ལོངས་སྤྱོད་བྱེད་ཀྱི་ཡོད། “ཁྱིམ་ཚང་བརྒྱ་ཡི་སྟོན་མོར་ཐེངས་མང་ཞུགས་རྗེས། སྡེ་ཁུལ་ནང་གི་ཨ་ཅག་ལགས་ཚོས་མོག་མོག་བཟོ་ལྟ་སྣ་ཚོགས་བཟོ་ཐུབ་པ་དང་བྲོ་བའང་ཧ་ཅང་ཞིམ་པོ་བཟོ་ཡི་འདུག་པས་ཁོང་ཚོར་རོགས་པ་བྱེད་དགོས་བསམ་བྱུང”ཞེས་ཁྲེན་ཧྥུང་ལན་གྱིས་བཤད།
   2017ལོའི་ཟླ་5པར་ཚི་ཡིའུ་སྡེ་ཁུལ་གྱི་སྐད་འཕྲིན་གྲོགས་ཚོགས་སུ“ཨ་ཅག་ལགས་ཀྱི་མོག་མོག”ཅེས་པའི་མངགས་ཉོའི་ཞབས་ཞུ་བྱེད་འགོ་ཚུགས། གྲོགས་ཚོགས་དེ་བཟོས་རྗེས་ཉེ་འཁོར་གྲོང་མི་ཚོས“ཨ་ཅག་ལགས་ཀྱི་མོག་མོག”ལ་ཧ་ཅང་དགའ་པོ་བྱས་ནས་ཁོང་ཚོའི་གྲོགས་ཚོགས་ཀྱི“སྐད་གྲགས་ཡོད་པའི་བཟའ་བཅར”གྱུར། “ཚོང་ཡག་པའི་དུས་སུ་ཉིན་གཅིག་ལ་མོག་མོག་སྒམ་ཆུང་180ཙམ་བྲིན་གྱི་འདུག སྒམ་ཆུང་རེར་སྒོར་15བྱས་ཚེ་ཉིན་གཅིག་ལ་ཕྱིར་ཚོང་ཡོང་འབབ་སྒོར་2000ལྷག་ཙམ་འདུག གྲོ་ཞིབ་ཀྱི་མ་རྩ་ཕུད་ང་ཚོ་ཨ་ཅག་བརྒྱད་ལ་ཉིན་རེར་ཡོང་འབབ་སྒོར་100ལྷག་ཙམ་འདུག་པས་ཁྲོམ་རར་ཚལ་ཉོ་བར་ཕྱིན་ནའང་སྣ་ཁ་མང་ཙམ་ཉོ་ཐུབ་ཀྱི་འདུག”ཅེས་མ་ལན་ཧྥང་གིས་ངོ་གདོང་དུ་འགོས་པའི་གྲོ་ཞིབ་འཕྱིས་བཞིན་དུ་དགའ་སྤྲོའི་ངང་དེ་ལྟར་བཤད།
   ཨ་ཅག་ལགས་ཚོར་ཡོང་འབབ་རག་པ་ཕུད། ཁོང་ཚོའི་མོག་མོག་གིས་ཚི་ཡིའུ་སྡེ་ཁུལ་དང་དེའི་ཉེ་འགྲམ་གྱི་རྒན་རྒོན་ཚོའི་ལྟོ་ཆས་གནད་དོན་ཐག་གཅོད་ཐུབ་ཡོད། 2018ལོའི་ཟླ་12པར་ཨ་ཅག་ལགས་ཚོའི་ལྟོ་ཆས་བཟོ་རྩལ་ལེགས་པར་བརྟེན། རྒན་གཅེས་བདེ་སྐྱིད་ཟ་ཁང་ཚི་ཡིའུ་སྡེ་ཁུལ་གྲོང་མིའི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་སུ་བཙུགས། ཚད་གཞི་མཐོ་བའི་ཐབ་ཚང་གི་སྒྲིག་བཀོད་དང་། བདེ་ཐང་དང་བདེ་འཇགས་ཀྱི་མ་བཅོས་རྒྱུ་ཆ། འཐུས་སྒོ་ཚང་བའི་ལྟོ་ཆས་མཁོ་འདོན་ལམ་ལུགས་བཅས་ལས་སྡེ་ཁུལ་གྱི་རྒན་རྒོན་ཚོར་རྒྱུན་གཏན་གྱི་ལྟོ་ཆས་མཁོ་འདོན་འགན་ལེན་ཐུབ་ཡོད་པ་རེད།
   “གོམ་སྟབས་རྗེས་མར་ལྟོ་ཆས་བཟོ་རྩལ་ཡག་ཤོས་ཀྱི་ཨ་ཅག་ལགས་བཞི་མོག་མོག་བཟོ་མཁན་དགེ་རྒན་དུ་བཀོད་སྒྲིག་བྱས་ནས་ཁོང་ཚོའི་ཁྱིམ་དུ་མོག་མོག་བཟོ་ཁང་བཙུགས་ཏེ་མི་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་དང་། ཨ་ཅག་ལགས་ཚོའང་ཁྱིམ་ནས་དོན་མི་དགོས་པར་མོག་མོག་བཟོ་བ་དང་ཚོང་ཐུབ་པ་བྱ་རྒྱུ་ཡིན་ལ། ལུས་སེམས་གཉིས་ཀར་དྲོ་སྐྱིད་སྦྱིན་པའི་མོག་མོག་གིས་སྡེ་ཁུལ་གྱི་མང་ཚོགས་དངོས་གནས་ཕྱུག་པོར་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཁྲེན་ཧྥུང་ལན་གྱིས་བཤད།