འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་12ཉིན།

༄༅།།བོད་ཀྱིས་2021ལོའི“དགུན་དུས་བོད་ལ་ཡུལ་སྐོར་ བྱེད་པའི”སྲིད་ཇུས་གསར་པ་བཏོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་12ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་འཚོགས་པའི་2021ལོའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”སྲིད་ཇུས་གསལ་འགྲེལ་དང་བོད་ལྗོངས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ཀྱི་ཡུལ་སྐོར་ས་ཁོངས་ཧྲིལ་པོ་དང་དུས་དང་རྣམ་པ་ཀུན་ཏུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ཡུལ་སྐོར་བ་མང་པོ་ཞིག་བོད་ལ་ཡུལ་སྐོར་བྱེད་པར་ཡོང་བའི་བློ་འགུགས་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་རེས་སྐོར་བཞི་པའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་སྲིད་ཇུས་ལག་ལེན་བསྟར་ཏེ། གངས་འཁྱགས་དང་། ཆུ་ཚན། བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་སོགས་ཀྱི་ཡུལ་སྐོར་ལས་རྣམ་གསར་པ་བཏོན་པ་མ་ཟད། ད་དུང་ས་ངོས་འགྲིམ་འགྲུལ་གྱི་ཁ་གསབ་སྤྲོད་པ་དང་། རིན་གོང་ཆ་ཚང་སྤྲོད་པའི་ཚོགས་པའི་རིན་གོང་གཅོག་པ། འཛད་སྤྱོད་ཀྱི་སྤ་སེ་སྤྲོད་པ་སོགས་ཀྱི་གཟིགས་སྐྱོང་གསར་པ་མང་དུ་བཏང་ཡོད།
    2021ལོའི་བྱེད་སྒོའི་སྲིད་ཇུས་དེ་ཟླ་1ཚེས་1ནས་ཟླ་3ཚེས་15ཉིན་བར་དང་། ཟླ་10ཚེས་15ནས་ཟླ་12ཚེས་31ཉིན་བར་གྱི་དུས་མཚམས་གཉིས་སུ་ཕྱེ་ཡོད་པ་དང་། ལག་ལེན་བསྟར་རིང་བྱ་དགའ(ཁ་གསབ)སྤྲོད་ཡུལ་དེ་བོད་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ལས་དོན་ཁང་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ(དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད) ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས། བོད་ནས་འཕུར་སྐྱོད་ཀྱི་ལས་འགན་འཁུར་མཁན་མཁའ་འགྲུལ་ཀུང་སི་བཅས་ཡིན་པ་རེད། གཞན་ཡང་2021ལོའི་ལོ་འཁོར་གྱི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རིང་། སྒོར་ཁྲི་3000རི་བའི་ཡུལ་སྐོར་དམངས་ཕན་གྱི་འཛད་སྤྱོད་སྤ་སེ་སྤྲོད་རྒྱུ་རེད།
    དགུན་དུས་བོད་ལ་ཡོང་མཁན་ཡུལ་སྐོར་བའི་མྱོང་རོལ་སྔར་བས་ཟབ་ཏུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་བོད་ཀྱི་དགུན་དུས་ཀྱི་ཁྱད་ཆོས་ལ་གཞིགས་ནས། ཡངས་པ་ཅན་གྱི“ལྷ་ཡི་ཞིང་ཁམས་སྔོན་པོ”ཡུལ་སྐོར་སྤྲོ་གསེང་ཁུལ་དང་ཞང་ཞུང་མེ་ཏོག་སྤྲོ་གསེང་ཁུལ་གྱི་རྣམ་གྲངས་བཏོན་ནས། དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི་རྣམ་གྲངས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། “ཡུལ་སྐོར+”ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱ་རྒྱུ་རེད།