འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་11ཉིན།

༄༅།།ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བདེ་ཆེན་ཀྲོའུ་ཡི་འཕོ་འགྱུར།

—— ཕྱོགས་གཅིག་ནས་ཕྱུག་འགྱུར་ལ་དམ་འཛིན་དང་། ཕྱོགས་ཅིག་ཤོས་ནས་བསམ་བློའི་བྱང་ཚད་མཐོར་གཏོང་ལ་དམ་འཛིན་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་11ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་བགྲང་ཆ་ལྔ་ནི་དེ་ཙམ་རིང་པོ་མིན་ཡང་། བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ཏུ་འདས་མ་ཐག་པའི་ལོ་ལྔ་ནི་མ་དངུལ་གཏོང་མང་ཤོས་དང་། རྣམ་གྲངས་སྐྲུན་མང་ཤོས། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་མགྱོགས་ཤོས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཡག་ཤོས། མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་ཆེ་ཤོས་བཅས་ཀྱི་ལོ་ལྔ་ཡིན་ལ། དེ་དག་ལས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་གོང་འཕེལ་ལ་སྐུལ་མ་ཐེབས་པ་མ་ཟད། ས་མཐོའི་འཕོ་འགྱུར་ཆེན་མོའི་མཐོ་རླབས་ཀྱང་འཕྱུར་ཡོད་པ་རེད།
   ཁྱིམ་ཚང་ཐམས་ཅད་མི་རིགས་གཅིག་ལྟར་མཛའ་ཞིང་བརྩེ།
   བདེ་ཆེན་ཀྲོའུ་ཡི་མི་འབོར་ཁྲི་40ལྷག་ཙམ་ཁྲོད་བོད་རིགས་དང་། རྒྱ་རིགས། ལི་སུའུ་རིགས། འཇང་རིགས། དབྱི་རིགས། ཧུད་རིགས་སོགས་མི་རིགས་26ཡོད་པས། མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་ཀྱི་ས་ཁུལ་ཞིག་རེད། བདེ་ཆེན་ཀྲོའུ་ཡིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི”དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་མངོན་གསལ་དོད་པའི་གཙོ་རྐང་འདི་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་བསམ་གཞིག་དང་། ཞིབ་འཇུག འཆར་འགོད་བཅས་བྱས་ཏེ“མངོན་གསལ་དོད་པ་གསུམ”གྱིས་ཞི་མཐུན་བརྟན་ལྷིང་ལྡན་པའི་བདེ་ཆེན་ཞིག་བཏོད་ཡོད།
    —— སློབ་གསོའི་ཁྲིད་སྟོན་དང་། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་པ། “ཉིན་རེར་ཁྱབ་བསྒྲགས་ཐེངས་རེ”བྱས་ཏེ་ཉེ་འགྲམ་ནས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་རླབས་ཆེར་བརྟེན་ནས་དྲིན་ཚོར་སློབ་གསོ་གཏིང་ཟབ་སྤེལ་བས། ལས་བྱེད་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་སྤྱོད་སྔར་བས་བརྟན་དུ་སོང་ཡོད། “ཉིན་རེར་བཅའ་ཁྲིམས་རེ་བརྗོད”དེ་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་དུ་བཏང་བས་ཁྲིམས་སྐྱོང་བདེ་ཆེན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་སོང་ཡོད། “གཟའ་འཁོར་རེར་བཅར་འདྲི་ཐེངས་རེ”བྱས་ཏེ་འཕེལ་རྒྱས་ནི་ཡུན་རིང་བདེ་འཁོད་ཀྱི་དངོས་པོའི་རྨང་གཞི་ཡིན་པའི་གཅིག་མཐུན་གྱི་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་ལས་བྱེད་པ་དང་མང་ཚོགས་ཀྱིས་འཕེལ་རྒྱས་ལ་བསམ་བློ་གཏོང་བ་དང་། འཕེལ་རྒྱས་ཇུས་འགོད་བྱེད་པ། བརྟན་ལྷིང་ལ་གཅེས་འཛིན་བྱེད་པ། སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
    —— ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། དགོན་སྡེར་དོ་དམ་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་གི“གནད་འགག”འདིར་དམ་འཛིན་ཏན་ཏིག་བྱེད་པ་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་ཁྲིམས་ལྟར་དོ་དམ་བྱས་ནས“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”དང་། “ཚད་གཞི་བཞིའི”སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་གྲྭ་བཙུན་ཡོངས་ལ་གསོ་སྦྱོང་དང་སྣེ་ཁྲིད་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྣེ་ཁྲིད་ཧུར་ཐག་བྱས་པས། ཆོས་ལུགས་འཆམ་མཐུན་དང་ཁྲིམས་མཐུན་གོ་རིམ་ལྡན་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
    ད་ཆ་མཐའ་མཚམས་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ནུས་པ་བདེ་ཆེན་དུ་མངོན་གསལ་དོད་པོ་བྱུང་བ་དང་། ་ཀྲོའུ་ཡོངས་སུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། བདེ་ཆེན་ཀྲོའུ་ཡིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི“ངེས་པར་དུ་10”ཡི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་ཏང་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་བདེ་ཆེན་གྱི་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་ལ་སྐུལ་འདེད་བཏང་ཞིང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཀྲོའུ་རུ་བརྩོན་ལེན་ཧུར་ཐག་བྱས་ནས་བདེ་ཆེན་ཀྲོའུ་ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་དང་ཤུགས་རྐྱེན་ཐེབས་ནུས་མངོན་པར་བྱས་ཡོད།
   མི་ཚང་མས་འབྱོར་འབྲིང་གི་འཚོ་བ་སྐྱེལ་བ།
   བདེ་ཆེན་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ས་བབ་མཐོ་ཤོས་དང་། གསོ་རླུང་དཀོན་ཤོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ལྕི་ཤོས་བཅས་ཀྱང་རེད། 2015ལོའི་ལོ་མཇུག་ཏུ་བདེ་ཆེན་ཀྲོའུ་རུ་མི་འབོར་དབུལ་པོ་74139ཡོད་པ་དང་དབུལ་པོར་འགྱུར་ཚད་24.95%ཟིན་གྱི་ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་དབུལ་པོས་ཀྲོའུ་ཡོངས་ཀྱི་མི་འབོར་དབུལ་པོའི་93%བཟུང་ཡོད། “ཐད་མཆོངས་མི་རིགས”ཀྱི་མི་འབོར་དབུལ་པོས་ཀྲོའུ་ཡོངས་ཀྱི་མི་འབོར་དབུལ་པོའི་54%བཟུང་ཡོད་པ་དང་། དབུལ་པོའི་གཞི་ཁྱོན་ཆེ་བ་དང་དབུལ་ཕོངས་ཀྱི་ཚད་མཐོ་བས་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཁོངས་སུ་གཏོགས།
   ལོ་ལྔའི་རིང་། མི་འབོར་དབུལ་པོའི་གྲངས་འབོར་བབ་བསྟུན་ངང་གཙང་སེལ་ཐུབ་ལ། བདེ་ཆེན་ཀྲོའུ་ཡི་མི་འབོར་དབུལ་པོའི་དོ་དམ་ཁྲོད་བཅུག་པའི་མི་གྲངས་2015ལོའི་ཁྲི་7ལྷག་ཙམ་ནས་2020ལོའི་བར་བབ་བསྟུན་གཙང་སེལ་ཐུབ་སྟེ་དབུལ་པོ་དབུལ་རྐྱང་མེད་པར་གྱུར་ནས་དབུལ་པོར་འགྱུར་ཚད་24.95%ནས་དབུལ་པོ་གཅིག་ཀྱང་མེད་པར་ཆགས་ཡོད། 2018ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བདེ་ཆེན་རྫོང་གཉིས་ཀྱིས་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་པོའི་རྫོང་གི་ཁྲོད་ནས་སྔོན་ལ་དབུལ་ཞྭ་ཕུད་པ་དང་། 2019ལོར་འབའ་ལུང་རྫོང་གིས་སྤུས་ཚད་མཐོ་བའི་དབུལ་སྒྲོལ་ཐུབ་པ་དང་བསྟུན་ནས་བདེ་ཆེན་ཀྲོའུ་ཡོངས་དབུལ་སྒྲོལ་ཐུབ་ཡོད།
   ལོ་ལྔའི་རིང་མི་འབོར་དབུལ་པོའི་ཡོང་འབབ་མང་དུ་ཆེས་ཆེར་ཕྱིན་ཡོད། 2019ལོར་བདེ་ཆེན་ཀྲོའུ་ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ལྷག་ཙམ་ཟིན་ཞིང་། དེའི་ཁྲོད་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཀྱིས་34.57%དང་གླ་ཆའི་རང་བཞིན་གྱི་ཡོང་འབབ་ཀྱིས་47.52%བཟུང་ཡོད། 2015ལོ་ནས་བཟུང་བདེ་ཆེན་ཀྲོའུ་ཡི་སྣོད་བཅུད་ནགས་སྲུང་བའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་6.5ལྷག་ཙམ་ཟིན་ནས་ལོ་རེར་དུད་ཚང་རེའི་ཆ་སྙོམས་་ཡོང་འབབ་སྒོར་8000ཡན་ཟིན་ཏེ་སྣོད་བཅུད་དང་སྔོ་ལྗང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཡོད།
   ལོ་ལྔའི་རིང་མི་འབོར་དབུལ་པོའི་རང་བརྟེན་དབུལ་སྐྱོར་གྱི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། བདེ་ཆེན་གྱིས་ཐོན་ལས་སྐྱེད་སྲིང་དང་ལས་ཞུགས་གཞན་སྒྱུར“རང་བརྟེན་ནུས་པ་ཆེར་གཏོང”དམ་འཛིན་བྱ་གཞིར་བྱས་ཏེ། མང་ཚོགས་དབུལ་པོའི་ཡོང་འབབ་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད། རྒུན་འབྲུམ་དང་། ཀྲུང་ལུགས་གསོ་རིག་གི་སྨན་རྒྱུ། ཁྱད་ལྡན་ཕྱུགས་རིགས་དང་བྱ་རིགས་སོགས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་ཚོ་དབུལ་པོའི་རང་བྱུང་ཐོན་ཁུངས་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་བརྟེན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མར་འབབ་འཕར་ཐོན་ལས་གཅིག་ནས་གཉིས་བར་འཕེལ་རྒྱས་བཏང་བ་དང་། གཉེར་སྐྱོང་བྱེད་པོ་གསར་པ་545དང་མང་ཚོགས་དབུལ་པོའི་དབར་ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་བཟོས་ཡོད།
   ལོ་ལྔའི་རིང་ས་ཁུལ་དབུལ་པོའི་ཞན་ཆ་བསལ་ནས་འཕེལ་རྒྱས་ཀྱི་དུས་ཡུན་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད། “ཉེན་ཡོད་སྡོད་ཁང་དུ་མི་འདུག་པ་དང་མིའི་སྡོད་ཁང་ལ་ཉེན་ཁ་མེད་པའི”དམིགས་ཚད་ལ་དམ་པོར་དམིགས་ནས་བདེ་ཆེན་ཀྲོའུ་ཡིས་CDརིམ་པའི་ཉེན་ཡོད་སྡོད་ཁང་ཁྲི་6.4སྒྱུར་བཀོད་བྱས་པ་བརྒྱུད། ཉེན་ཡོད་སྡོད་ཁང་གཙང་སེལ་བྱས་ཤིང་། མང་ཚོགས་དབུལ་པོ་སྡོད་ཁང་གོག་ཏོ་ནས་རྦད་དེ་ཁ་བྲལ་ཏེ་དཀར་ཆ་དོད་ལ་རྒྱ་ཆེ་བའི་སྡོད་ཁང་དུ་སྤོས་པ་རེད། “འོས་འགན་སློབ་གསོའི་ཉམས་ཞན་ཆ་རྐྱེན་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱེད་པ”དང“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་སློབ་གསོའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་གྱིས་སློབ་གསོས་དམངས་ལ་ཕན་པ་སྐྲུན་པའི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། སློབ་གྲྭ་གཅིག་སྡུད་གཉེར་བའི་རྣམ་པ་སྤྱད་ནས་ཞིང་ཆེན་ཡོངས་སུ་ལོ་14ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་སྔོན་དུ་ལག་བསྟར་བྱས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་ཆ་རྐྱེན་གྱི“མཐའ་ཚད་20”ཆ་ཚང་ཚད་གཞིར་སླེབས་ལ། ཆུ་དང་། གློག ལམ། འཕྲོད་བསྟེན་ཁང་། བུ་བཅོལ་ཁང་། བྱེད་སྒོ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོང་བྱུང་བ་རེད།
   མཛེས་སྡུག་ལྡན་པའི་གསེར་རི་དངུལ་རི་དུད་ཚང་ཚང་མས་ལོངས་སྤྱོད་ཐུབ་པ།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྣོད་བཅུད་ཁོར་ཡུག་དང་། ལྷག་པར་དུ་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ལ་སྦགས་བཙོག་ཚབས་ཆེན་ཐེབས་པ་ནི། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རིང་གི་མངོན་གསལ་དོད་པའི་ཞན་ཆ་ཞིག་རེད། ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བར་འགྱུར་ལྡོག་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་འདུན་པ་ཞིག་ཡིན་ལ། ‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྐུལ་སྤེལ་ཏན་ཏིག་གཏོང་དགོས་པའི་ལས་དོན་གལ་ཆེན་ཞིག་ཀྱང་རེད”ཅེས་གསུངས་པ་རེད།
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བདེ་ཆེན་ཀྲོའུ་ཡིས་སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ་ཁྱོན་ཡོངས་ནས་བརྒྱབ་ཅིང་། ཆུ(མཚོ)དཔོན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་ཁྱད་ལྡན་གྲོང་སྡེ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་ཕྱོགས་ཡོངས་ནས་ཏན་ཏིག་སྤེལ་ཏེ། སྣོད་བཅུད་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བའི་ཐབས་ཤེས་དང་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པས་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་གཅིག་ལ་གཅིག་རྟེན་བྱུང་ཡོད། ད་ཆ་བདེ་ཆེན་ཀྲོའུ་ཡི་དམངས་ཚོགས་ཚོའི་སྣོད་བཅུད་ཁོར་ཡུག་ལ་བློ་ཡིད་ཚིམ་ཚད་དང་མཁའ་རླུང་སྤུས་ཚད་ལ་བློ་ཡིད་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
   སྣོད་བཅུད་ཁོར་ཡུག་ཅུང་ལེགས་པོ་ལས་བདེ་ཆེན་གྱི་ཞིང་འབྲོག་པར་ཕན་པ་ཆེན་པོ་ཐོབ་ལ། ནགས་ཁྲོད་དཔལ་འབྱོར་ཞིང་འབྲོག་མང་ཚོགས་ཚོའི་འབབ་འཕར་གྱི་རྟེན་ས་གཙོ་བོར་གྱུར་ཞིང་། ཉེ་བའི་ལོ་ལྔའི་རིང་། བེ་ཤ་དང་དབྱར་རྩྭ་དགུན་འབུ་གཉིས་ཁོ་ན་ལས་ལོ་ལྟར་ཞིང་འབྲོག་པར་ཆ་སྙོམས་ཡོང་འབབ་སྒོར་དུང་ཕྱུར་6.19་བྱུང་ཡོད། རང་བྱུང་སྣོད་བཅུད་དང་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཡག་པོ་ལས་བདེ་ཆེན་ཀྲོའུ་ཡི་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་རྒྱུན་སྲིང་གི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ནས་ཞིང་འབྲོག་པའི་ལས་ཞུགས་དང་འབབ་འཕར་ལ་ཐབས་ལམ་གལ་ཆེན་ཞིག་ཆགས་ཤིང་། པོ་ཏ་མཚོའི་རྒྱལ་ཁབ་སྤྱི་གླིང་གིས་སྣོད་བཅུད་ཕན་འབྲས་ལམ་སྲོལ་ལག་ལེན་བསྟར་བས་དེ་གའི་ཡུལ་མིར་ལོར་ཡོང་འབབ་སྒོར་ཁྲི་1500འཕར་ཐུབ་པ་མ་ཟད། ཀྲོའུ་ཡོངས་ཀྱིས་སྣོད་བཅུད་ནགས་སྲུང་བ་ཁྲི་1.6གདན་ཞུ་བྱས་ནས་མི་རེར་ལོར་ཡོང་འབབ་སྒོར་8000ནས་ཁྲི་1བར་ཡོང་གི་ཡོད། དེ་དག་ཚང་མ་ནི་བདེ་ཆེན་གྱིས་སྣོད་བཅུད་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བའི་བྱ་ཐབས་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱས་པ་ལས་བྱུང་བ་རེད།