འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་8ཉིན།

༄༅།།སློབ་འབྲིང་དགེ་རྒན་གྱིས་ལོ་6རིང་སློབ་མར་རིན་མེད་ཟུར་ཁྲིད་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་08ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སློབ་འབྲིང་དགེ་རྒན་གྱིས་ལོ་6རིང་སློབ་མར་རིན་མེད་ཟུར་ཁྲིད་བྱས།
    མི་དམངས་དྲ་བའི་འཕྲིན། “སློབ་མ་གཅིག་ལས་མེད་ནའང་ང་ཚོས་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་”ཞེས་སློབ་མར་རིན་པ་མི་དགོས་པར་ཟུར་ཁྲིད་བྱེད་བཞིན་པའི་འཇམ་དབྱངས་ཀྱིས་དེ་ལྟར་བཤད། འཇམ་དབྱངས་དང་ཨ་འཇིགས་ནི་སི་ཁྲོན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་བཅའ་སྡོད་སློབ་འབྲིང་གི་“ལོ་རབས་80རྗེས་”ཀྱི་བོད་རིགས་སློབ་འབྲིང་དགེ་རྒན་གཉིས་རེད། ཁོང་ཚོས་2015ལོ་ནས་བཟུང་། གསབ་སྦྱོང་བྱེད་འདོད་པའི་སློབ་མ་ལ་རིན་པ་མི་དགོས་པར་ཟུར་ཁྲིད་བྱས་པ་དང་། ད་ལྟའི་བར་ལོ་6ཕྱིན་ཡོད། 
     ཁྲོན་ནུབ་མཐོ་སྒང་དུ་གནས་པའི་འཛམ་ཐང་རྫོང་ལ་དགུན་ཁ་སླེབས་ཧ་ཅང་སྔ།  ནམ་རྒྱུན་མི་རྣམས་ཀྱིས་རྩེད་མོའི་ཚུལ་གྱིས་ལོ་གཅིག་ལ་དུས་ཚིགས་གཉིས་ལས་མེད་པ་སྟེ་“དགུན་ཁ”དང་“དགུན་ཁ་དང་འདྲ་བ་”ཟེར་གྱི་ཡོད། ན་ནིང་ཟླ་12པ་ནས་དགུན་གནང་བཏང་ཚར་པའི་འཛམ་ཐང་རྫོང་བཅའ་སྡོད་སློབ་འབྲིང་ལ་དགུན་གནང་དུས་ཡུན་ཟླ་གཉིས་ཡོད། འཛམ་ཐང་རྫོང་བཅའ་སྡོད་སློབ་འབྲིང་དུ་སློབ་སྦྱོང་བྱེད་མཁན་མང་ཤོས་ནི་ས་གནས་དེའི་ཞིང་འབྲོག་མང་ཚོགས་ཀྱི་ཕྲུ་གུ་ཡིན་པ་དང་། ཕ་མའི་སློབ་རྒྱུས་དམའ་བས་ཕྲུ་གུའི་སྦྱོང་ཚན་ལ་ཟུར་ཁྲིད་བྱེད་ཐུབ་ཀྱི་མེད། ཉམས་ཐག་རིག་ཚན་ལ་རིན་མེད་ཟུར་ཁྲིད་འཛིན་གྲྭ་འཛུགས་པ་ནི་དགུན་གནང་རིང་སློབ་མའི་སྦྱངས་འབྲས་འཐུས་ཤོར་མི་ཡོང་ཆེད་རེད།
   2015ལོའི་དགུན་གནང་ནས་བཟུང་། སློབ་གྲྭའི་རྒྱབ་སྐྱོར་འོག  འཇམ་དབྱངས་དང་ཨ་འཇིགས་ཀྱིས་ཚོད་ལྟ་རང་བཞིན་གྱིས་དགུན་གནང་སྟེ་“སོ་ནམ་སོས་དལ་དུས”ལ་ཉམས་ཞན་རིག་ཚན་ཁག་རིན་མེད་ཀྱིས་ཟུར་ཁྲིད་བྱེད་པའི་འཛིན་གྲྭ་བཙུགས་ནས། སློབ་གྲྭར་བསྡད་ནས་གསབ་སྦྱོང་བྱེད་འདོད་པའི་སློབ་མར་རིན་པ་མི་དགོས་པར་ཟུར་ཁྲིད་བྱས་པ་རེད། “འཛིན་གྲྭ་བཙུགས་མ་ཐག་ཏུ། ཁྱིམ་བདག་དང་སློབ་མ་ཚོས་དེ་ལྟར་རྒྱུས་ལོན་མེད་པས། སློབ་གྲྭ་ཡོངས་སུ་སློབ་མ་15ཙམ་ལས་ཞུགས་མེད།”ཅེས་དགེ་རྒན་འཇམ་དབྱངས་ཀྱིས་དེ་ལྟར་བཤད། 
    “ངའི་ཁྱིམ་དུ་ང་དང་ཨ་ཕྱི་གཅིག་པུ་རེད། ཨ་ཕྱིས་ཡི་གེ་མི་ཤེས་པས་ང་ལ་ཟུར་ཁྲིད་བྱེད་མི་ཐུབ།”གསེར་ལྷ་ནི་ལོ་མང་རིང་ཟུར་ཁྲིད་འཛིན་གྲྭས་ཕན་ཐོགས་སའི་སློབ་མ་གཅིག་རེད། དྭ་ཕྲུག་ཡིན་ཞིང་ལོ་རྒས་པའི་ཨ་ཕྱིས་གསེར་ལྷ་ལ་ཟུར་ཁྲིད་བྱེད་མི་ཐུབ་པས། ལོ་མང་རིང་གྲངས་རིག་ནི་ཁོ་མོའི་“སེམས་ནད་”དུ་གྱུར་ཡོད། ཇི་ལྟར་འབད་བརྩོན་བྱས་ཀྱང་སྦྱངས་འབྲས་སྐར་མ་30ཡས་མན་ཙམ་རེད། རིན་པ་མི་དགོས་པའི་ཟུར་ཁྲིད་འཛིན་གྲྭར་ཞུགས་རྗེས། དགེ་རྒན་གྱིས་ཁོ་མོའི་ཞན་ཆ་སྟེ་གྲངས་རིག་ཆེད་དུ་ཟུར་ཁྲིད་བྱས་རྐྱེན། ཁོ་མོའི་གྲངས་རིག་གི་སྦྱངས་འབྲས་ལྡབ་ཁ་ཤས་ཀྱིས་ཇེ་མཐོར་ཕྱིན་ཡོད། 
   གསེར་ལྷ་ལྟ་བུའི་སློབ་མའི་མིག་དཔེ་ཞིག་ཡོད་དུས། ཁྱིམ་བདག་མང་པོའང་འདུག་མ་བཟོད་པར་ཕྲུ་གུ་རྣམས་སློབ་གྲྭའི་རིན་མེད་ཟུར་ཁྲིད་འཛིན་གྲྭར་བསྐྱལ་ཡོད། 
   ད་ལོར། འཛམ་ཐང་རྫོང་བཅའ་སྡོད་སློབ་འབྲིང་གི་སློབ་མ་1000ལྷག་ལས་སློབ་མ་373སློབ་གྲྭར་བསྡད་ནས་ཟུར་ཁྲིད་འཛིན་གྲྭར་ཞུགས་པ་དང་། དགེ་རྒན་30ལྷག་ཀྱང་རང་འགུལ་ངང་དགུན་གནང་བསྐྱུར་ནས་ཟུར་ཁྲིད་འཛིན་གྲྭའི་ནང་ཞུགས་ཡོད། དེའི་ཁྲོད་དུ་གཉེན་སྒྲིག་བྱས་ཟིན་པའི་དགེ་རྒན་ཡང་མང་པོ་ཡོད། ཁོ་ཚོས་ཁྱིམ་ནས་བྱིས་པ་དང་འགྲོགས་པའི་དུས་ཚོད་བློས་བཏང་ནས་སློབ་གྲྭར་བསྡད་དེ་རིན་མི་དགོས་པའི་ཟུར་ཁྲིད་བྱེད་ཀྱི་ཡོད། དགེ་རྒན་ཁོང་ཚོ་ཞུགས་པར་བརྟེན། ཉམས་ཞན་རིག་ཚན་གྱི་ཟུར་ཁྲིད་འཛིན་གྲྭ་དེ་སྔོན་ཆད་ཀྱི་འཛིན་གྲྭ་རེ་གཉིས་ནས་འཛིན་གྲྭ་11བར་མང་དུ་ཕྱིན་པ་དང་། དམའ་འབྲིང་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་ཉམས་ཞན་རིག་ཚན་གྱི་ཟུར་ཁྲིད་འཛིན་གྲྭ་གསར་དུ་བཙུགས་ཤིང་། དམའ་འབྲིང་གསུམ་པར་སྐད་ཡིག་དང་། གྲངས་རིག  དབྱིན་ཡིག་བཅས་བསླན་ཚན་གསུམ་ནས་བསླབ་ཚན་ཆ་ཚང་ལ་ཟུར་ཁྲིད་བྱེད་ཀྱི་ཡོད། ཟུར་ཁྲིད་དུས་ཚོད་ཀྱང་ཁྱིམ་བདག་དང་སློབ་མའི་རེ་བ་ལྟར་ལོ་གོང་མའི་ཉིན་7ནས་ཉིན་20བར་མང་དུ་བཏང་ཡོད། སློབ་གྲྭས་དགེ་རྒན་དང་ཕྲུ་གུ་ཚོའི་སེམས་ཁྲལ་མེད་པ་བཟོ་ཆེད། སྔར་བཞིན་རིན་མི་དགོས་པར་ཟུར་ཁྲིད་འཛིན་གྲྭར་ཟ་མ་དང་སྡོད་གནས་མཁོ་འདོན་བྱེད་ཀྱི་ཡོད།
   “ལོ་འགའི་སྔོན་དུ། ང་ཚོས་འཛིན་གྲྭ་རེ་རེར་བཞིན་ཟུར་ཁྲིད་འཛིན་གྲྭར་ཞུགས་པར་སྐུལ་དགོས།  ལོ་འདི་དག་གི་རིང་སློབ་མ་དང་ཁྱིམ་བདག་སྔ་མོ་ནས་མདུན་དུ་ཡོང་ནས་ང་ཚོ་ལ་ཟུར་ཁྲིད་འཛིན་གྲྭ་འཛུགས་མིན་ཐད་ནས་སྐད་ཆ་འདྲི་བཞིན་ཡོད”ཅེས་འཇམ་དབྱངས་ཀྱིས་བཤད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15834707.html)
༄༅།།སློབ་འབྲིང་དགེ་རྒན་གྱིས་ལོ་6རིང་སློབ་མར་རིན་མེད་ཟུར་ཁྲིད་བྱས།
༄༅།།སློབ་འབྲིང་དགེ་རྒན་གྱིས་ལོ་6རིང་སློབ་མར་རིན་མེད་ཟུར་ཁྲིད་བྱས།