འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་6ཉིན།

༄༅།།ཧྭ་རོང་ཀུང་སིའི་དེ་སྔའི་ཏུའུ་ཧྲི་ཀྲང་ལའེ་ཞའོ་མིང་འདྲི་གཅོད་དང་པོས་སྲོག་ཁྲིམས་བཅད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་06ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཧྭ་རོང་ཀུང་སིའི་དེ་སྔའི་ཏུའུ་ཧྲི་ཀྲང་ལའེ་ཞའོ་མིང་འདྲི་གཅོད་དང་པོས་སྲོག་ཁྲིམས་བཅད།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། 2021ལོའི་ཟླ་1ཚེས་5ཉིན། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྒགས་བྱེད་པ་སྟེ། ཐེན་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་ཁང་གཉིས་པས་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱེད་པའི་ཀྲུང་གོ་ཧྭ་རོང་མ་རྩ་རྒྱུ་ནོར་དོ་དམ་མ་རྐང་ཚོད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུ་ཧྲུའུ་ཅི་དང་། ཏུའུ་ཧྲི་ཀྲང་ལའེ་ཞའོ་མིང་ལ་ལྐོག་རྔན་ལེན་པ་དང་། ལྐོག་ཟ་བྱེད་པ། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་བཅས་ཀྱི་གྱོད་གཞི་དེ། ཞུ་སྦྱོར་ཕྱི་མ་ལའེ་ཞའོ་མིང་གིས་ལྐོག་རྔན་ལེན་པའི་བྱས་ཉེས་བསགས་པར་བརྟེན་ནས་སྲོག་ཁྲིམས་བཅད་པ་དང་། ཚེ་གང་གི་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་བྱས། ལྐོག་ཟའི་བྱས་ཉེས་ལ་བརྟེན་ནས་དུས་བཙོན་ལོ་བཅུ་གཅིག་གི་ཉེས་ཆད་གཅོད་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོརསྒོར་ས་ཡ་གཉིས་་གཞུང་བཞེས་གཏོང་རྒྱུའི་ཉེས་ཆད་བཅད། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་བྱས་ཉེས་ལ་དུས་བཙོན་ལོ་གཅིག་གི་ཉེས་ཆད་གཅོད་རྒྱུ། སྲོག་ཁྲིམས་ལག་ལེན་བསྟར་རྒྱུ་དང་། ནམ་འཚོའི་བར་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱ་རྒྱུའི་གྲོས་ཐག་གཅོད་རྒྱུ་དང་། སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་ཆབས་སྦྲགས་སུ་གཏོང་བ་དང་། ཁྲིམས་ཁང་གིས་ལའེ་ཞའོ་མིན་གྱིས་ལྐོག་རྔན་བླངས་ནས་ཐོབ་པའི་རྒྱུ་ནོར་དང་དེའི་སྐྱེད་འཕེལ་བདའ་འདེད་བྱས་ཏེ། རྒྱལ་མཛོད་ལ་རྩིས་སྤྲོད་པ་དང་། མི་འདང་བའི་ཕྱོགས་མུ་མཐུད་དུ་བདའ་འདེད་བྱེད་དགོས་པའི་ཁྲིམས་ཐག་བཅད། ལྐོག་ཟ་བྱས་ནས་ཐོབ་པའི་རྒྱུ་དངོས་རྣམས་བཅའ་ཁྲིམས་ལྟར་གནོད་འཚེ་ཕོག་མཁན་སྡེ་ཚན་ལ་ཕྱིར་སྤྲོད་བྱ་དགོས། 
   ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བོ་བྱུང་དོན། 2008ལོ་ནས་2018ལོའི་བར། ཞུ་སྦྱོར་ཕྱི་མ་ལའེ་ཞའོ་མིང་གིས་དེ་སྔར་འགནར་འཁུར་བའི་་ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིང་གི་ཀྲུའུ་རེན་བེད་སྤྱད་པ་དང་། དེ་སྔའི་ཀྲུང་གོའི་ཧྭ་རོང་རྒྱུ་ནོར་དོ་དམ་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྤྱི་འདོམས་པ། ཀྲུང་གོ་ཧྭ་རོང་རྒྱུ་ནོར་དོ་དམ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། ཧྭ་རུང་ཞང་ཅང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་འགན་འཁུར་བའི་ལས་གནས་ཐད་སྟབས་བདེ་བེད་སྤྱད་པ་དང་། དེ་བཞིན་འགན་དབང་དང་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གཞན་དག་གི་གོ་གནས་ཐོག་གི་བྱ་སྤྱོད་བརྒྱུད་དེ་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་མ་དངུལ་བསྡུ་རུབ་དང་། ལས་གྲྭ་སྒྲུབ་འགན་གཙང་ལེན། མཉམ་ལས་གཉེར་སྐྱོང་། ལས་ཀ་སྤོ་སྒྱུར། དེ་བཞིན་ལས་གནས་སྤར་སྤོར་ལེགས་སྒྲིག་སོགས་ཀྱི་དོན་དག་ཐད་ལ་རོགས་རམ་བྱས་ནས་ཐད་ཀར་རམ་ཡང་ན་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་ལ་བརྟེན་ནས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་སྤྲད་པའི་རྒྱུ་ནོར་ཁྲིམས་འགལ་གྱིས་ལེན་པ་དང་སློང་བ་ལས་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་17.88ཟིན་ཡོད། དེའི་ཁྲོད་དུ་སྒོར་དུང་ཕྱུར་1.04ལྷག་དོན་ལག་ཐོག་ཏུ་མ་རག་པས་ཉེས་དམིགས་མ་གྲུབ་པའི་ཁོངས་སུ་གཏོགས། 2009ལོའི་ལོ་མཇུག་ནས་2018ལོའི་ཟླ་དང་པོའི་བར། ལའེ་ཞའོ་མིང་གིས་དེ་སྔའི་ཀྲུང་གོ་ཧྭ་རོང་རྒྱུ་ནོར་དོ་དམ་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་དང་། ཀྲུང་གོ་ཧྭ་རུང་རྒྱུ་ནོར་དོ་དམ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་དང་ཧྭ་རུང་ཤང་ཅང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མི་དང་མཉམ་དུ་མི་དམངས་ཤོག་སྒོར་ཁྲི་2513ལྷག་ཙམ་བཙན་བཟུང་བྱས་པ་རེད། དེ་ལས་གཞན། ལའེ་ཞའོ་མིང་དང་ཆུང་མ་གཉིས་ཀྱི་ཁྲིམས་མཐུན་གྱི་གཉེན་སྒྲིག་འབྲེལ་བ་མུ་མཐུད་དུ་གནས་བཞིན་དུ། མི་གཞན་དང་དུས་ཡུན་རིང་བོར་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་དུ་བསྡད་དེ་འཚོ་བ་རོལ་བ་མ་ཟད། བུ་ཕྲུག་ཀྱང་གསོ་སྐྱོང་བྱེད་ཡོད།
   ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་ཞུ་སྦྱོར་ཕྱི་མ་ལའེ་ཞའོ་མིང་གི་བྱ་སྤྱོད་ནི་ལྐོག་རྔན་ལེན་པའི་བྱས་ཉེས་དང་། ལྐོག་ཟའི་བྱས་ཉེས། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་བྱས་ཉེས་བཅས་ཡིན་པའི་ངོས་འཛིན་བྱེད་ཡོད། ལའེ་ཞའོ་མིང་གིས་རྒྱུ་རྔན་ཟ་ལེན་བྱས་པའི་ཉེས་གསོག་གི་གྲངས་འབོར་ཧ་ཅང་ཆེ་བ་དང་། ཉེས་པ་ཧ་ཅང་ཚབས་ཆེ་བ། རང་ངོས་ཀྱི་ཉེས་པ་ཧ་ཅང་ཚབས་ཆེ་བ་བཅས་རེད། ལྐོག་རྔན་ལེན་པའི་ཉེས་གསོག་གི་དོན་དངོས་ཉི་ཤུ་རྩ་གཉིས་ནང་། ལྐོག་རྔན་ལེན་པའི་ཉེས་གསོག་གི་གྲངས་འབོར་ཁག་གསུམ་སོ་སོར་སྒོར་དུང་ཕྱུར་2དང་། སྒོར་དུང་ཕྱུར་4སྒོར་དུང་ཕྱུར་6ཡན་བཅས་ཟིན་པ་དང་། གཞན་ཡང་ལྐོག་རྔན་ལེན་པའི་ཉེས་གསོག་གི་གྲངས་འབོར་ཁག་དྲུག་པོ་ཚང་མ་སྒོར་ཁྲི་4000ཡན་ཟིན་ཡོད། དེ་དང་ཆབས་ཅིག་ཏུ་ལའེ་ཞའོ་མིང་ལ་རང་འགུལ་ངང་མི་གཞན་གྱི་ས་ནས་ལྐོག་རྔན་ལེན་པ་དང་། མི་གཞན་གྱི་གོ་གནས་ལེགས་སྒྲིག་དང་གནས་སྤར་བྱེད་པར་མི་གཞན་གྱི་རྒྱུ་ནོར་ལེན་རྒྱུར་རོགས་རམ་བྱེད་པ་སོགས་ཀྱི་ཆད་པ་ནན་པོ་བཅད་དགོས་པའི་གནས་ཚུལ་ཡོད། ལའེ་ཞའོ་མིང་གིས་བྱས་ཉེས་བྱ་འགུལ་ཁྲོད་དུ་རྒྱལ་ཁབ་ལ་དབང་བའི་དངུལ་རྩའི་ཁེ་ལས་ཀྱི་འགན་འཁུར་བའི་འགན་དབང་བེད་སྤྱད་དེ། ཁྲིམས་འགལ་གྱིས་ཀུང་སིའི་ལས་གཞི་གལ་ཆེན་ཐག་གཅོད་བྱས་པ་དང་། རིམ་པ་ལས་བརྒལ་ཏེ་བྱེ་བྲག་གི་ལས་གཞིར་ཐེ་གཏོགས་བྱས་ཏེ། མི་གཞན་ལ་ཚུལ་མིན་གྱི་ཁེ་ཕན་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་དང་དངུལ་རྩ་གཏན་འཇགས་ལ་གནོད་འཚེ་བཏང་བས། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད། ལའེ་ཞའོ་མིང་ལ་བཅའ་ཁྲིམས་དང་སྒྲིག་ཁྲིམས་མེད་ཅིང་འདོད་རྔམ་ཤིན་ཏུ་ཆེ་བས། ཉེས་གསོག་གི་བྱ་སྤྱོད་མང་ཆེ་བ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་ནས་བྱུང་བ་ཡིན་ཞིང་། དཔེ་མཚོན་ཅན་ཚོད་མི་བཟུང་མཁན་དང་།  མཚམས་མི་བཞག་མཁན། བཀག་རྒྱ་ཟུར་དུ་འཇོག་པ་བཅས་ཀྱི་སྒོ་ནས་ཉེས་དོན་བཟོས་པའི་ཁོངས་སུ་གཏོགས་པ་མ་ཟད། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཡོད་པས། སྤྱི་ཚོགས་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་ཡོད་ཅིང་། ཉེས་སྤྱོད་ཧ་ཅང་ཚབས་ཆེན་བཟོས་ཡོད་པས། ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་དགོས།
   ལའེ་ཞའོ་མིང་གིས་མངའ་འོག་མི་སྣའི་བྱས་ཉེས་ཀྱི་ཁུངས་སྣེ་གལ་ཆེན་འདོན་སྤྲོད་བྱས་པ་མ་ཟད། ཞིབ་བཤེར་བྱས་ནས་དོན་དངོས་དང་མཐུན་པ་ཞིག་ཡིན་པས། བྱས་རྗེས་ཆེན་པོ་བཞག་ཡོད་མོད། འོན་ཀྱང་དེས་བསགས་པའི་ལྐོག་རྔན་ལེན་པའི་བྱས་ཉེས་ཀྱི་དོན་དངོས་དང་། ངོ་བོ། ཉེས་ཚབས། སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་བཅས་ཕྱོགས་བསྡོམས་བྱས་ན། ཁོང་གུ་ཡངས་གཏོང་ཐབས་མེད། ཁྲིམས་ཁང་གིས་གོང་གསལ་བརྗོད་པ་དེ་ཁྲིམས་བཅད་བྱས་ཡོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15834520.html)