འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་5ཉིན།

༄༅།།རིམས་ནད་འགོག་ཁབ་ཐད་ཀྱི་དོ་ཁུར་ཆེན་པོ་བརྒྱད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་05ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རིམས་ནད་འགོག་ཁབ་ཐད་ཀྱི་དོ་ཁུར་ཆེན་པོ་བརྒྱད།
    མི་དམངས་དྲ་བའི་འཕྲིན། རྒྱལ་ནང་ནས་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་ལ་ཟུར་སྣོན་གྱི་ཆ་རྐྱེན་ཡོད་པའི་སྒོ་ནས་ཁྲོམ་རར་བཏོན་པ་དང་བསྟུན། ཧྲང་ཧའེ་དང་པེ་ཅིང་། ཧྲང་ཏུང་སོགས་ཞིང་ཆེན་མང་པོས་གཞི་རྒྱ་ཆེན་པོས་འགོག་ཁབ་རྒྱག་འགོ་བརྩམས་པ་རེད། ཁ་ཆད་གང་ལྟར་བསྒོ་བ་དང་། སུ་ལ་མགྱོགས་པོར་རྒྱག་ཐུབ་པ། འཛེམ་བྱའི་ནད་གང་དག་ལ་རྒྱག་མི་རུང་བ། སྨན་ལོག་བྱུང་ན་ཇི་ལྟར་བྱ་དགོས་པ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས། འབྲེལ་ཡོད་སྡེ་ཁག་གིས་དབང་གྲགས་ལྡན་པའི་དྲིས་ལན་བསྐྱོན་ཡོད། 
   ཁ་ཆད་གང་ལྟར་བསྒོ་བ་དང་། སུ་ལ་མགྱོགས་པོར་རྒྱག་ཐུབ་པ།
  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་ལམ་སྲོལ་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གི་རིམས་འགོག་འགོག་ཁབ་ཞིབ་འཇུག་གསར་སྤེལ་ཆེད་དོན་ཚོ་ཆུང་གི་འགན་འཁུར་བ་ཙེང་དབྱི་ཤིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ཟླ་12ཚེས་15ཉིན་ནས་བཟུང་། རང་རྒྱལ་གྱིས་གཙོ་གནད་མི་ཚོགས་ལ་དངོས་སུ་འགོག་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་བརྩམས་པ་རེད། ཟླ་ཕྱེད་རིང་། རྒྱལ་ཡོངས་ཀྱི་གཙོ་གནད་མི་ཚོགས་ལ་རིམ་རྩིས་བྱས་ན་འགོག་ཁབ་མི་ཐེངས་ཁྲི་300ལྷག་བརྒྱབ་ཟིན། 
   གཙོ་གནད་མི་ཚོགས་ཀྱི་གྲས་སུ་ནང་འདྲེན་འཁྱགས་ཕྲེང་ཟོག་འགྲེམ་དང་། འགག་སྒོའི་བརྟག་བཤེར། གྲུ་གཟིངས་ཀྱི་སྣེ་ཁྲིད། མཁའ་འགྲུལ་ཞབས་འདེགས་མི་སྣ། དམར་ཟས་ཁྲོམ་ར། སྤྱི་པའི་འགྲིམ་འགྲུལ། སྨན་བཅོས་རིམས་ནད་ཚོད་འཛིན་སོགས་ནད་འགོས་ཉེན་ཅུང་ཆེ་བའི་ལས་དོན་མི་སྣ་ཚུད་ཡོད། 
   པེ་ཅིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཕང་ཤིང་ཧོ་ཡིས། མིག་སྔར་གཙོ་གནད་མི་ཚོགས་ལ་འགོག་ཁབ་རྒྱག་རྒྱུ་དེ་མི་སྒེར་གྱིས་ཁ་ཆད་བསྒོ་མི་ཐུབ། རང་ཉིད་གནས་སའི་ས་ཁུལ་དུ་རིམས་འགོག་འགོག་ཁབ་རྒྱག་པའི་ལས་དོན་སྒྲིག་འཛུགས་བྱ་རྒྱུ་ཡིན་པས། འགོག་ཁབ་རྒྱག་ས་དང་ལས་དོན་བཀོད་སྒྲིག་ཞིབ་ཕྲ་ནི་ས་ཁུལ་ཁག་གི་འགོག་ཁབ་རྒྱག་པ་རྩ་འཛུགས་བྱེད་མཁན་ཚན་པས་བརྡ་གཏོང་རྒྱུ་ཡིན་ཟེར། 
    ཉེན་ཁ་ཆེ་བའི་མི་ཚོགས་དང་གཙོ་གནད་མི་ཚོགས་ལ་རིམས་འགོག་འགོག་ཁབ་རྒྱག་བཞིན་པའི་རྨང་གཞིའི་ཐོག རང་རྒྱལ་གྱིས་རྒན་རྒོན་དང་རྨང་གཞིའི་ནད་གཞི་ཡོད་པའི་ཉེན་ཁ་ཆེ་བའི་མི་ཚོགས་ལ་གོ་རིམ་ལྡན་པའི་ངང་འགོག་ཁབ་རྒྱག་རྒྱུར་རིམ་བཞིན་སྐུལ་འདེད་བཏང་སྟེ། རིམ་གྱིས་མི་ཚོགས་དཀྱུས་མར་འགོག་ཁབ་རྒྱག་རྒྱུ་རེད། ས་གནས་ཁག་གིས་ཁོངས་གཏོགས་ས་ཁུལ་གྱི་འགོག་ཁབ་རྒྱག་ས་དང་ཞབས་ཞུའི་དུས་ཚོད་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་རེད། 
   སྒེར་དོན་དུ་རྒྱལ་མཚམས་ཕྱི་ལ་འགྲོ་དགོས་བྱུང་བར་འཕྲལ་དུ་རིམས་འགོག་འགོག་ཁབ་རྒྱག་ཐུབ་བམ། 
   ཟླ་1ཚེས་3ཉིན་པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཞའོ་ཅུན་གྱིས། ཕྱི་རྒྱལ་དུ་ལས་ཀ་བྱེད་མཁན་དང་སློབ་སྦྱོང་བྱེད་མཁན་གྱིས་ས་གནས་དེ་གའི་ཐེམ་ཐོའམ་གནས་སྡོད་ལག་ཁྱེར་དང་། རྒྱལ་གྲོལ་ལམ་ཡིག  ལམ་མཆན་ནུས་ལྡན(ཀྲུང་གོ་བར་ལམ་མཆན་མི་དགོས་པའམ་ཡང་ན་གནས་འབྱོར་ལམ་མཆན་འགོད་པ་སོགས་ཚུད་མེད་)དང་དགོས་ངེས་ཀྱི་བདེན་དཔང་ཡིག་ཆ་འཁྱེར་ནས། སྡོད་གནས་ཡོད་སའི་ཁྲོམ་གཞུང(ཤང་དང་གྲོང་རྡལ)ངམ་ཡང་ན་སྡེ་ཁུལ་ཞབས་ཞུའི་ས་ཚིགས་སུ་དཔྱད་ཡིག་ཞིབ་བཤེར་བྱས་ནས་ཞིབ་བཤེར་གཏན་འབེབས་བྱས་རྗེས་དམིགས་འཛུགས་བྱས་པའི་འགོག་ཁབ་རྒྱག་སའི་ལས་ཁུངས་ལ་འགོག་ཁབ་རྒྱག་པར་འགྲོ་ཆོག་ཅིང་། ཞིབ་ཕྲའི་གནས་ཚུལ་ནི་ས་ཁུལ་ཁག་གི་འབྲེལ་ཡོད་བརྡ་ཐོར་དོ་སྣང་བྱེད་དགོས། 
    འདིའི་སྔོན་དུ་གསར་འགོད་པས་ཧྲང་ཧའེ་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཧྲང་ཧའེ་གྲོང་ཁྱེར་གྱིས་ཀྱང་སྒེར་དོན་དུ་ཕྱི་རྒྱལ་ལ་འགྲོ་དགོས་མཁན་ལ་ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་པའི་ལས་དོན་འོས་མཚམས་ངང་སྤེལ་འགོ་འཛུགས་རྒྱུ་རེད། 
   ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་བཟོས་པའི་ཏོག་གསར་གློ་ཚད་འགོག་ཁབ་ལ་ཟུར་སྣོན་གྱི་ཆ་རྐྱེན་བཀོད་ནས་ཁྲོམ་རར་བཏོན་ཡོད་མོད། འོན་ཀྱང་རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་ཞིབ་མཆན་གོ་རིམ་ནན་པོ་ཡོད་པས། མི་སྒེར་གྱིས་རང་དགར་ཏོག་གསར་གློ་ཚད་ཀྱི་འགོག་ཁབ་འཁྱེར་ནས་རྒྱལ་མཚམས་སྒྲོལ་མི་ཆོག གལ་ཏེ་དེ་འདྲ་བྱས་ན་རྒྱལ་ཁབ་ཕྱི་ནང་གི་བཅའ་ཁྲིམས་ལས་འགལ་བ་སོགས་ཀྱི་ཉེན་ཁར་འཕྲད་སྲིད། 
   ནད་དུག་གཞན་འགྱུར་གྱིས་འགོག་ཁབ་ལ་ཤུགས་རྐྱེན་བཟོ་སྲིད་དམ། 
   རིགས་གཅིག་མཁས་པས་ཞིབ་འཇུག་བྱས་པ་ལས། མིག་སྔར་ནད་དུག་གཞན་འགྱུར་གྱིས་རིམས་འགོག་འགོག་ཁབ་བེད་སྤྱོད་བྱེད་པའི་ཕན་འབྲས་ལ་ངོ་བོའི་ཆ་ནས་ཤུགས་རྐྱེན་བཟོས་ཡོད་པའི་དཔང་རྟགས་མེད། 
    ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ཞུས་ནན་ཕིང་གིས། རྒྱལ་ཁབ་སྐྱེ་དངོས་ཆ་འཕྲིན་ལྟེ་གནས་ཀྱིས་ཤེས་རྟོགས་བྱུང་བའི་ནད་དུག་གཞི་རྒྱུའི་ཚོགས་པའི་གོ་རིམ་གྱི་གྲངས་གཞི་འབུམ་གསུམ་ཙམ་གྱི་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་ལས། མིག་སྔར་ལྟ་ཞིབ་ཐུབ་པའི་ནད་དུག་གཞན་འགྱུར་བྱུང་བ་ནི་སྔར་བཞིན་རྒྱུན་གཏན་ཁྱབ་ཁོངས་ཀྱི་གཞན་འགྱུར་ཡིན་པ་ངོས་འཛིན་བྱས་ཡོད་ཟེར། 
    དེ་དང་ཆབས་ཅིག་ཏུ་ཞུས་ནན་ཕིང་གིས། ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གིས་ནད་དུག་གཞན་འགྱུར་གྱི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱས་ནས། ཆེད་དོན་ཇུས་གཞི་བཟོས་ཤིང་། ཞིབ་འཇུག་བྱ་གཞི་མང་པོ་བཙུགས་ནས་ནད་དུག་གཞན་འགྱུར་དང་། ཞིབ་དཔྱད་ཚད་ལེན་ཚོད་ལྟ། སྨན་རྫས་ཞིབ་འཇུག་གསར་སྤེལ། རིམས་འགོག་འགོག་ཁབ་བེད་སྤྱོད་ཕན་འབྲས་སོགས་ལ་ཆེད་དོན་ཞིབ་འཇུག་བྱས་ཡོད།“སྤྱོད་པའི་དུས་སུ་གྲ་སྒྲིག་མེད་པ་ལས་སྤྱོད་མི་དགོས་རུང་གྲ་སྒྲིག་བྱས་ནས་དགའ”ཞེས་བསྟན།  
     མིག་སྔར་འགོག་ཁབ་རྒྱག་མི་འོས་མཁན་སུ་ཡོད། 
    པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་ཡིང་ཧའེ་སྨན་ཁང་གི་ཡོན་ཀྲང་ཧན་ཡན་རུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་འགོག་ཁབ་རྒྱག་པར་མི་འོས་པའི་མི་ཚོགས་ནང་སྦྲུམ་མ་དང་ནུ་མ་སྣུན་དུས་ཀྱི་བུད་མེད་དང་། ཚ་བ་རྒྱས་བཞིན་པའི་མི་སྣ། སྔོན་ཆད་འགོག་ཁབ་བརྒྱབ་པ་ལས་སྨན་ལོག་ཚབས་ཆེན་བྱུང་མཁན། ཁྲག་ལེབ་ཆུང་བ་ཉུང་བྲིའི་ནད་པའམ་ཁྲག་རྡོལ་རང་བཞིན་གྱི་ནད་ཕོག་མཁན། བརྒྱལ་སླ་མཁན། བརྒྱལ་གཟེར། ཀླད་པའི་ནད། དེ་མིན་གྱི་དབང་རྩའི་མ་ལག་གི་ནད་རིགས་དང་སེམས་ཁམས་ཀྱི་ནད་རྒྱུས་སམ་ཁྱིམ་རྒྱུད་ཀྱི་ནད་རྒྱུས་ལྡན་པའི་ནད་པ། ལྷན་སྐྱེས་རང་བཞིན་ནམ་རིམས་ཐར་ཆད་སྐྱོན་ཅན། HIVའགོས་པ། རྨེན་བུའི་སྐྲན་ནད། ཁྲག་རིལ་དཀར་པོའི་ནད་དམ་ཡང་ན་རང་ལུས་ཀྱི་རིམས་ཐར་ནད་གཞན་དག་བྱུང་བའི་ནད་པ་སོགས་འདུས་ཡོད། 
    འཛེམ་བྱའི་ནད་གཞི་ལ་ད་དུང་མཆིན་ནད་དང་མཁལ་མའི་ནད་ཚབས་ཆེན་དང་། སྨན་རྫས་ཀྱིས་ཚོད་འཛིན་མི་ཐུབ་པའི་ཁྲག་ཤེད་མཐོ་བའི་ནད། གཅིན་སྙིའི་ནད་ཀྱི་འདུས་ནད་སྣ་ཚོགས། སྐྲན་ནད། དྲག་ནད་སྣ་ཚོགས་དང་ཡང་ན་གཅོང་ནད་མྱུར་འཕར་གྱི་དུས་སྐབས། དབུགས་ལམ་མ་ལག་གི་ནད་རིགས་ཚབས་ཆེན་དང་སྙིང་གི་ཁྲག་རྩའི་ནད་རིགས་ཚབས་ཆེན་སོགས་ཡོད། 
   འགོག་ཁབ་བརྒྱབ་རྗེས་འགོག་སྲུང་མ་བྱས་ན་ཆོག་གམ། 
   མིག་སྔར་རིམས་འགོག་འགོག་ཁབ་གང་ཡིན་རུང་སྲུང་སྐྱོབ་བྱེད་ཚད་བརྒྱ་ཆ་བརྒྱའི་ཚད་ལ་སླེབས་མི་ཐུབ། རིགས་གཅིག་མཁས་པས་རིམས་འགོག་འགོག་ཁབ་བརྒྱབ་རྗེས་འགོག་སྲུང་བྱ་ཐབས་རྒྱུན་འཁྱོངས་བྱས་ཚེ་བདེ་ཐང་འགན་ལེན་གང་ལེགས་བྱེད་ཐུབ་ཟེར། 
    ཧྲང་ཧའེ་གྲོང་ཁྱེར་བདེ་ཐང་སྐུལ་སྤེལ་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། རིམས་འགོག་འགོག་ཁབ་བརྒྱབ་ན་ཡང་།“འགོག་སྲུང་བསྲུང་བྱ་གསུམ་”(ཁ་རས་དང་། སྤྱི་ཚོགས་འབྲེལ་བའི་བར་ཐག མི་སྒེར་གྱི་འཕྲོད་བསྟེན་བཅས)དང་།“འགོག་སྲུང་ཁག་ལྔ་”(ཁ་རས་ད་དུང་རྒྱག་དགོས་པ་དང་། སྤྱི་ཚོགས་འབྲེལ་བའི་བར་ཐག་ད་དུང་འཇོག་དགོས་པ། ལུ་བ་དང་ཧབ་སྦྲིད་བྱེད་དུས་མཆུ་ཏོ་བསུམ་དགོས་པ། ལག་པ་གཉིས་ད་དུང་རྒྱུན་དུ་འཁྲུད་དགོས་པ། སྒེའུ་ཁུང་ད་དུང་ཕྱེ་གང་ཐུབ་བྱ་དགོས་པ།)བཅས་སྔར་བཞིན་སེམས་ལ་བརྟན་པོར་ངེས་དགོས། 
   སྨན་ལོག་བྱུང་ན་ཇི་ལྟར་བྱ་དགོས། 
    པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། ཟླ་1ཚེས་1ནས་ཚེས་2ཉིན་བར་པེ་ཅིང་དུ་ཏོག་གསར་ནད་དུག་རིམས་འགོག་འགོག་ཁབ་73537བརྒྱབ་ཅིང་སྨན་ལོག་ཚབས་ཆེན་བྱུང་མེད། 
    ཏོག་གསར་ནད་དུག་འགོག་ཁབ་རྒྱག་པའི་ཐད་ཀྱི་གནས་ཚུལ་ཤེས་དགོས་པའི་མོས་མཐུན་ཡི་གེར་གཞིགས་ན། སྨན་མི་འཕྲོད་པའི་སྣང་ཚུལ་ཁག་ཅིག་ནི་འགོག་ཁབ་རྒྱག་སར་ན་ཟུག་ཡོད་པ་གཙོར་བྱས་ཏེ། ད་དུང་ཁག་ཅིག་ལ་ཟ་འཕྲུག་ལངས་པ་དང་། སྐྲངས་པ། མཁྲེགས་འབུར་བྱུང་བ། མགོ་ཡུ་འཁོར་བ་སོགས་དང་། ལུས་པོ་ཡོངས་མི་འཕྲོད་པའི་སྣང་ཚུལ་ལ་ངལ་དུབ་ཆེ་བ་དང་། ད་དུང་ཚ་རྒྱག་པ་དང་། ཤ་གནད་ན་བ། མགོ་ན་བ། གློ་ལུ་བ། ཁོག་པ་བཤལ་བ། ཞེན་ཁ་ལོག་པ། ཟ་མི་འདོད་པ ། ཚོར་སྐྱེན་དྲག་པོ་བྱུང་བ་སོགས་ཀྱི་སྣང་ཚུལ་ཚུད་ཡོད། 
    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་དོན་དོ་དམ་ཅུས་ཀྱི་ལྟ་ཞིབ་ཆེད་དོན་མི་སྣ་ཅའོ་ཡ་ཧུའེ་ཡིས། རིམས་འགོག་འགོག་ཁབ་རྒྱག་པར་བདེ་འཇགས་འགན་ལེན་ཡག་པོ་བྱ་ཆེད། གཅིག་ནས་འགོག་ཁབ་རྒྱག་པའི་ཆ་རྐྱེན་འཛོམས་དགོས་པ་མ་ཟད། སྨན་བཅོས་སྲོག་སྐྱོབ་ཀྱི་ཆ་རྐྱེན་ཡང་འཛོམས་དགོས་པ་དང་། གཉིས་ནས་འགོག་ཁབ་རྒྱག་མཁན་ཚན་པར་ས་ཁོངས་དབྱེ་ནས། རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་གིས་ས་ཁུལ་དེ་ཉིད་ནང་ཁོངས་ཀྱི་སྨན་བཅོས་འགན་ལེན་བྱ་དགོས་ཤིང་། དེ་ཡང་འགོག་ཁབ་རྒྱག་མཁན་གྱིས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་སྨན་བཅོས་མི་སྣར་ལུས་པོའི་བདེ་ཐང་གི་གནས་ཚུལ་གསལ་བཤད་བྱེད་དགོས་པ་དང་། འགོག་ཁབ་བརྒྱབ་རྗེས་འགོག་ཁབ་རྒྱག་སར་སྐར་མ་30ཙམ་སྡོད་དགོས། 
    འགོག་ཁབ་རྒྱག་མ་འདོད་ན་ཆོག་གམ། 
    “འགོག་ཁབ་རྒྱག་པ་ནི་རང་མོས་ཡིན” ཞེས་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིའུ་ཞང་ཅུན་གྱིས་བཤད། 
    འོན་ཀྱང་། རང་རྒྱལ་གྱིས་རིམས་འགོག་འགོག་ཁབ་ལ་བརྟེན་ནས་མི་ཚོགས་ཡོངས་ཀྱི་རིམས་འགོག་སྲུང་ཡོལ་བཙུགས་ཏེ་དམངས་ཡོངས་ལ་རིན་པ་མི་དགོས་པའི་ངང་ནད་དུག་འགོག་ཁབ་མཁོ་འདོན་བྱ་རྒྱུ་ཡིན་པས། ཆ་རྐྱེན་འཛོམས་མཁན་མང་ཚོགས་ཚང་མར་འགོག་ཁབ་རྒྱག་གང་ཐུབ་བྱ་རྒྱུ་ཡིན། 
“སྤྱིར་བཏང་འགོག་ཁབ་རྒྱག་ཚད་60%ནས་70%བར་ཟིན་ཚེ་གཞི་ནས་དམངས་ཡོངས་ལ་སྲུང་སྐྱོབ་བྱ་ཐུབ་ཀྱི་རེད” ཙེང་དབྱི་ཤིན་གྱིས་རང་རྒྱལ་གྱིས་ཆོག་མཆན་སྤྲད་པའི་རིམས་འགོག་འགོག་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་དཔང་རྟགས་ཡག་པོ་ཡོད་པས། སྤྱི་དམངས་ཀྱིས་གནས་ཚུལ་ཤེས་རྟོགས་དང་མོས་མཐུན་བྱེད་པ་དང་། འཛེམ་བྱའི་ནད་རྟགས་ཡོད་མཁན་ཕུད། ཚང་མས་འགོག་ཁབ་རྒྱག་པའི་འབོད་སྐུལ་བྱེད་རྒྱུ་ཡིན་ཟེར། 
    ཀྲུང་གོའི་རིམས་འགོག་འགོག་ཁབ་ལ་ཕྱི་རྒྱལ་ནས་ཁས་བླངས་ཡོད་དམ། 
    ཟླ་1ཚེས་2ཉིན་ཨེ་ཅིབ་ཀྱིས་ཀྲུང་གོའི་རྒྱལ་ཁབ་སྨན་རྫས་ཚོགས་པའི་ཏོག་གསར་ནད་དུག་གསོན་གསོད་རིམས་འགོག་འགོག་ཁབ་འཕྲལ་དུ་སྤྱོད་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད།     ཨེ་ཅིབ་འཕྲོད་བསྟེན་དང་མི་འབོར་པུའི་པུའུ་ཀྲང་གིས་ཀྲུང་གོའི་རིམས་འགོག་འགོག་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་ཚན་རིག་དང་མཐུན་པའི་ཁས་ལེན་ཐོབ་ཡོད་ཅེས་བཤད་པ་རེད། 
   འདིའི་སྔོན་ལ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པ་རེན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་ལྟར་རིམས་འགོག་འགོག་ཁབ་དངོས་སུ་ཁྲོམ་རར་ཐོ་འགོད་བྱས་ནས་ཆོག་མཆན་སྤྲད་པ་རེད། 
    གཞན་ཡང་པར་ཙིར་དང་། ཧིན་རྡུ་ཉི་ཞི་ཡ། ཐུར་ཁེ། སིང་ཀ་ཕོར། ཆི་ལི། མ་ལེ་ཞི་ཡ། ཡུག་རེན་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གིས་ཀྲུང་གོའི་ཁོའོ་ཤིང་མ་རྐང་ཚོད་འཛིན་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སི་ནས་ཏོག་གསར་ནད་དུག་གི་རིམས་འགོག་འགོག་ཁབ་མངགས་ཉོ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ད་ལྟའི་བར་དུ་ཁེ་ལས་དེས་ཕྱི་རྒྱལ་ལ་འགོག་ཁབ་ཁྲི་1600ལྷག་སྐྱེལ་འདྲེན་བྱས་ཟིན། 
    ཕྱི་འབྲེལ་པུའི་རྒྱལ་སྤྱི་སིའི་འགན་འཁུར་བ་ཧྲེན་པོས་ཀྲུང་གོས་རིམས་འགོག་འགོག་ཁབ་ཞིབ་འཇུག་གསར་སྤེལ་བྱས་པ་དང་འབྲེལ་བེད་སྤྱད་རྗེས་ཁས་ལེན་དམ་བཅའ་ལྟར། རིམས་འགོག་འགོག་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བསྒྱུར་ཏེ་དྲང་གཞག་དང་ལུགས་མཐུན་གྱི་རིན་གོང་ཐོག་ནས་འཛམ་གླིང་ཡོངས་སུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15834419.html)