འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་31ཉིན།

༄༅།།2020ལོའི་ཀྲུང་གོའི་དབུལ་སྒྲོལ་གཏམ་རྒྱུད་ལ་ འཛམ་གླིང་གི་བསྔགས་བརྗོད་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་31ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྭ་ཏི་དང་ཆའོ་ཅི་ཧུང་།
   ཨ་རིའི་དེང་རབས་འཛམ་གླིང་ལས་དོན་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་མཱ་ཤིའུ·ཆི་ཐེ་ཝུའུ་ཏེ་ཡིས་ཀྲུང་གོའི་ལྷོ་ནུབ་ཀྱི་ཐག་རིང་ལུང་ཁུག་ཡུན་ནན་ཞིང་ཆེན་གྱི་པང་ཏུང་གྲོང་ཚོའི་དུད་ཚང་དབུལ་པོ་ཀྲང་ཝུན་ཕུའུ་ཡི་སྡོད་ཁང་གསར་པ་དེ་རྒྱ་ཆེ་ལ་དཀར་ཆ་དོད་པ་ཞིག་ཡོད་པ་མཐོང་བ་དང་། ཧྥ་རན་སེའི་གསར་འགོད་པ་ཧྥེ་ལེ་ཏེ་ལི་ཁེ·ལེ་མའེ་ཐེས་ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་ཀྱི་ཧྲན་པེ་གྲོང་ཚོར་རྟོག་ཞིབ་བྱེད་སྐབས་ས་རྒྱུ་ཞན་པའི་ཁུལ་ནས་གྲོང་ཁྱེར་དུ་སྤོས་པའི་ཞིང་པ་ཚོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་འདུག་ཅེས་བྲིས་ཡོད། རི་པིན་གྱི་གསར་འགོད་པ་ཀུང་ཏའོ་ཅ་ཚའེ་ཙེ་ཡིས་སི་ཁྲོན་ཞིང་ཆེན་གྱི་ས་བབ་མཐོ་ཚད་སྨི་1600ཡི“གཡང་གཟར་གྲོང་ཚོར”བཅར་འདྲི་བྱེད་སྐབས་དབྱིས་རིགས་ཀྱི་བུ་མོ་ཞིག་གིས་མཚམས་སྤྲིན་རྒྱབ་ལྗོངས་སུ་བྱས་ནས་རིག་ནུས་ཁ་པར་ཐོག་ནས“སྐུ་ཁམས་བཟང”ཞེས་བརྗོད་པ་དང་ཏག་ཏག་འཁེལ་ཡོད།
   ཕྱི་རྒྱལ་བའི་ངོས་ནས་བརྗོད་ན་དབུལ་སྒྲོལ་གྱི་གཏམ་རྒྱུད་ཚང་མ་ནས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པའི་བརྗིད་ཆེའི་རྣམ་པ་གཅིག་ཏུ་བསྡུས་པའི་སྣང་བ་ཡོང་གི་ཡོད། རྣམ་པ་དེས་གོ་ལ་ཧྲིལ་པོའི་ཡིད་དབང་བཀུག་ནས་འཛམ་གླིང་གི་བསྔགས་བརྗོད་བཟང་པོ་ཐོབ་ཡོད།
    ཀྲུང་གོའི་དབུལ་སྒྲོལ་གྱིས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་ཐད་སྙིང་སྟོབས་འཕེལ་བར་བྱས་པ།
   2020ལོའི་ལོ་མཇུག་ཏུ་འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་བཟུང་བའི་ཀྲུང་གོས་འཛམ་གླིང་ཡོངས་ལ“དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི”ཁྱབ་བསྒྲགས་བྱས་པ་རེད། ཁྱབ་བསྒྲགས་དེ་ཚིག་སྦྱོར་སྙན་ལ་མཛེས་པ་ཞིག་ཡོད་པས་རིམས་ནད་མཆེད་པའི་འཛམ་གླིང་ལ་ངར་སེམས་འཕེལ་བ་དང་སྐུལ་ལྕག་ཐེབས་པར་བྱས་ཡོད།
   དེས་ན་ཀྲུང་གོས་ད་ཆ་སྤྱོད་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་དབུལ་རྐྱང་དང་ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ཡོངས་རྫོགས་སེལ་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་འདིས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་ངོ་མཚར་བཏོད་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་རིང་མི་དུང་ཕྱུར་7.5བདེ་བླག་ངང་དབུལ་སྒྲོལ་ཐུབ་ནས་འཛམ་གླིང་ཐོག་གི་དབུལ་པོ་ཉུང་གཏོང་ཐད་ལེགས་སྐྱེས་ཕུལ་ཚད་70%ལས་བརྒལ་ཏེ་ལོ་10ཡི་སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་དམིགས་ཚད་མངོན་འགྱུར་བྱུང་ཡོད།
   རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཀའེ་དབྱི·ལའེ་ཏེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་ཁྲོད་ཀྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལེགས་སྒྲུབ་བྱེད་པའི་ཐད“འཕེལ་རིམ་མང་ཆེ་བ་ཀྲུང་གོར་བརྟེན་ནས་བྱུང་ཡོད”ཅེས་བརྗོད།
   “ཀྲུང་གོ་ནི་འཛམ་གླིང་ལ་ཇི་ལྟར་བྱས་ནས་དབུལ་ཕོངས་སེལ་རྒྱུ་གསལ་པོར་སྟོན་མཁན་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པ་དང་དེ་ནི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད”“ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་ལ་རེ་བ་སྦྱིན་པ་དང་མིག་དཔེ་བཏོན་ཡོད”“ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་ཐད་ལེགས་སྐྱེས་ཆེ་ཤོས་ཕུལ་མཁན་ཞིག་རེད” རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གཙོ་བོ་དང་། རིགས་གཅིག་མཁས་ཅན། སྨྱན་སྦྱོར་བཅས་ཀྱིས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཆེན་པོར་བསྔགས་བརྗོད་ཚད་མེད་བྱས་ཡོད།
   ཀྲུང་གོའི་དབུལ་སྒྲོལ་གྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ།
   དབུལ་པོ་ནི་འཛམ་གླིང་འཕེལ་རྒྱས་ལ་འགལ་རྐྱེན་ཆེན་པོ་བཟོ་མཁན་ཞིག་རེད། ཏོག་གསར་གློ་ཚད་རིམས་ནད་ཤུགས་ཆེན་མཆེད་པའི་མདུན་དུ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་དེ་སྔའི་དུས་གང་རུང་ལས་ཀྱང་ཏན་ཏིག་དང་ནུས་ལྡན་གྱི་བྱེད་ཐབས་འདོན་དགོས་ངེས་རེད།
   དབུལ་པོའི་རྒྱལ་ཁབ་ཆེན་པོ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རླབས་ཆེའི་འཕེལ་རིམ་ཁྲོད་ཀྲུང་གོས་གསར་གཏོད་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་བྱེད་ཐབས་གལ་ཆེན་མང་པོ་སྤྱད་དེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་ནུས་པ་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་སྒྲིག་འཛུགས་བྱས་ནས་བརྒྱབ་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་རྒྱལ་ཁ་ཆེ་ཤོས་ནི“དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པའི”རྒྱ་ཆེ་བའི་ལག་ལེན་ལས་བྱུང་བ་ཞིག་རེད་ལ་འཛམ་གླིང་ལ་འཕེལ་རྒྱས་དང་དབུལ་སྒྲོལ་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྤྱོད་གོ་ཆོད་པའི“ཀྲུང་གོའི་དཔེ་དབྱིབས”མཁོ་འདོན་བྱས་པ་ཞིག་ཀྱང་རེད།
   དབུལ་པོ་ཉུང་གཏོང་གི་ལག་ལེན་ཁྲོད་ཀྲུང་གོས་གསར་གཏོད་རང་བཞིན་གྱི་སྒོ་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་གཞི་བཏོན་པ་དང་སྦྲགས་ལག་བསྟར་བྱས་ཏེ“གནད་སྨིན་དྲུག”དང“ཁག་གཅིག་རེ་ལྔ”དང་། “བློ་སྐྱོར་རིག་སྐྱོར” “མཚམས་མི་འཇོག་པ་བཞི”བཅས་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་སྒྲོལ་གྱི་ཐབས་ལམ་ཆགས་པར་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས“གནད་སྨིན་དབུལ་སྐྱོར་གྱི་ཇུས་གཞི་ནི་མི་འབོར་དབུལ་པོ་དབུལ་རྐྱང་ལ་རོགས་རམ་བྱེད་པ་དང་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དམིགས་ཚད་མངོན་འགྱུར་བྱེད་པའི་ཐབས་ལམ་གཅིག་པུ་དེ་རེད”ཅེས་ཚད་མཐོའི་གདེང་འཇོག་བྱས་པ་རེད།
    ཀྲུང་གོས་གོ་ལ་ཧྲིལ་པོར་དབུལ་སྒྲོལ་གྱི་བློ་གྲོས་མཉམ་སྤྱོད་བྱས་པ།
   ཀྲུང་གོའི་ཀུའེ་ཀྲོའུ་ཞིང་ཆེན་ཧུའེ་ཧྲུའེ་རྫོང་གི་དུད་ཚང་དབུལ་པོ་མང་པོས་ཧྥུ་ཧྲོའུ་ཀྭ་བཏབ་པ་བརྒྱུད་དབུལ་སྒྲོལ་ཐུབ་པ་དེས་རྒྱ་མཚོའི་ཕ་རོལ་གྱི་མི་རབས་ནས་མི་རབས་བར་ཕན་འབྲས་ཐོན་མེད་པའི“ལོ་ཏོག་ཕལ་པ”འདེབས་མཁན་ཞིང་པ་ཚོ་ཧང་སངས་པར་གྱུར་ཡོད། ཚན་རིག་དང་མཐུན་པའི་འཆར་འགོད་དང་། དམངས་གཙོའི་ཐབས་ཇུས། གཅིག་སྡུད་ཐོན་ཁུངས། གཙོ་གནད་ཚད་བརྒལ་བཅས་ལ་བརྟེན་ནས་ཧུའེ་ཧྲུའེ་རྫོང་གིས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་16ལ“དབུལ་སྐྱོར་ཚོགས་འདུ”ཐད་གཏོང་བྱས་ནས་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་སྲིད་ཏང་གི་འགོ་ཁྲིད་མི་སྣས་ཀྲུང་གོའི་དབུལ་སྐྱོར་གྲུབ་འབྲས་རྒྱབ་ཀྱི་བློ་གྲོས་དང་ཉམས་མྱོང་དངོས་འབྲེལ་ཚོར་པར་བྱས་ཡོད།
   ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་ཐམས་ཅད་མི་དམངས་ལ་བརྟེན་དགོས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཉེ་བའི་ལོ་བརྒྱ་ཙམ་རིང་གི་འབད་འཐབ་རྒྱང་སྐྱོད་ཁྲོད་མི་དམངས་ཀྱི་སྣེ་འཁྲིད་དེ་འགག་སྒྲོལ་དཀའ་སེལ་དང་ཟམ་མི་ཆད་པར་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་ཚང་མ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་ཐུབ་པར་བྱེད་པའི་རང་རེའི་ཏང་གི་གཟི་བརྗིད་ཁས་ལེན”ཁ་གསལ་བཏོན་ཡོད། ཁས་ལེན་དེ་དག་ལ་ད་ཆ་འབྲས་བུ་བཟང་པོ་ཐོབ་ཡོད།
   དབུལ་པོ་དབུལ་རྐྱང་རྦད་དེ་སེལ་བའི་ཀྲུང་གོས་མིག་རྒྱང་དེ་བས་རིང་བའི་སྒོ་ནས“ཀྲུང་གོའི་ཇུས་གཞི”ཕངས་སེམས་མེད་པར་མཁོ་འདོན་བྱས་པ་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི“ཀྲུང་གོའི་རྒྱབ་སྐྱོར”རྒྱུན་ཆད་མེད་པར་མཁོ་འདོན་བྱས་ཡོད།
   གང་སར་སྐད་གྲགས་ཆོད་པའི་ཀྲུང་གོའི་དབུལ་སྒྲོལ་གཏམ་རྒྱུད་ཀྱིས་འཛམ་གླིང་ལ་ངར་ཤུགས་འཕེལ་བར་བྱས་པ་དང་ཀྲུང་གོས་མི་སེམས་འགུལ་བའི་བྱ་སྤྱོད་རྒྱུན་ཆད་མེད་པར་སྤེལ་ནས་འཛམ་གླིང་ལ་ཕན་པ་ཐོབ་པར་བྱས་ཡོད།
   དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ནས་བདེ་སྐྱིད་བསུ་ལ་ངེས། ཀྲུང་གོའི་དབུལ་སྒྲོལ་གཏམ་རྒྱུད་ཀྱིས་སྔར་བཞིན་དབུལ་པོར་གནས་པའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དཀའ་ཉེན་ལ་མ་འཛེམས་པར་དབུལ་པོའི་གནས་ལས་སྒྲོལ་བའི་གདེང་ཚོད་དེ་བས་བརྟན་དུ་འགྲོ་རྒྱུར་ལྕག་སྐུལ་ཐེབས་ངེས་རེད།