འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་30ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས”སུ་འགྱུར་
རྒྱུར་ངོ་རྒོལ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་30ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་2020ལོའི་ཟླ་12ཚེས་28ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་མཉམ་ལས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཉིས་ཕན་གྱི་འདུ་ཤེས་འཛུགས་པ་དང་རྒྱལ་ཕམ་གྱི་བསམ་གཞིག་དོར་ནས་རང་ཕན་གཞན་གནོད་དང་། འབེལ་ཉོ་དཀོན་འཚོང་དང་གསོག་སྐྱིལ། བཙན་ཧམ་སྒེར་སྡེམ་གྱི་སྤྱོད་ངན་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་ལྷག་དོན་དུ“རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས”སུ་འགྱུར་རྒྱུར་ངོ་རྒོལ་བྱེད་དགོས་ཞེས་བརྗོད་པ་རེད།
   ཀྲུང་གོ་ཕྱོགས་ཀྱི་རིམས་འགོག་སྨན་ཁབ་ཀྱི་བློས་འཁེལ་རང་བཞིན་གྱི་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། ཀྲའོ་ལི་ཅན་གྱིས་ཀྲུང་གོ་སྲིད་གཞུང་གིས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་རིམས་འགོག་སྨན་ཁབ་ཞིབ་སྤེལ་ཁེ་ལས་ཀྱིས་ཚན་རིག་གི་ཆོས་ཉིད་དང་ལྟ་སྡོམ་གྱི་བླང་བྱར་ནན་པོ་གཞིགས་ཏེ་ཁྲིམས་མཐུན་སྒྲིག་མཐུན་ངང་རིམས་འགོག་སྨན་ཁབ་ཞིབ་སྤེལ་ལ་སྐུལ་འདེད་བཏང་ཡོད་ལ། རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་རྒྱལ་སྤྱིའི་མཉམ་ལས་ཀྱང་བྱས་ཡོད། ཀྲུང་གོའི་རིམས་འགོག་སྨན་ཁབ་མང་པོ་ཞིག་རྒྱལ་ཁབ་མང་པོར་དུས་ཐེངས་གསུམ་པའི་ནད་ཐོག་ཚོད་ལྟ་བྱེད་བཞིན་ཡོད་པས་འཕེལ་རིམ་བདེ་བླག་བྱུང་ཡོད། ཀྲུང་གོས་རྒྱལ་ནང་དུ་རིམས་འགོག་སྨན་ཁབ་ཛ་དྲག་ངང་སྤྱོད་རྒྱུའི་ཆོག་མཆན་སྤྲད་པས་ད་བར་ཚབས་ཆེའི་སྨན་ནད་ཐོན་པའི་གནས་ཚུལ་བྱུང་མེད། ད་ལྟའི་བར་གྱི་ནད་ཐོག་ཚོད་ལྟའི་གྲངས་གཞི་ལས་རགས་ཙམ་མངོན་པར་གཞིགས་ན། ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ལ་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ཅུང་ཡག་པོ་ཡོད།
   
“ངས་ཤེས་རྟོགས་བྱས་པར་གཞིགས་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པ་རེན་སོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་རྒྱལ་སྨན་ཚོགས་པའི་ནད་དུག་གསོད་པའི་རིམས་འགོག་སྨན་ཁབ་ཐོ་འགོད་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་འབྲེལ། ཀྲུང་གོའི་རིམས་འགོག་སྨན་ཁབ་ཉོ་སྒྲུབ་བྱེད་ཀྱི་ཡིན་ཞེས་བཏོན་ཡོད། གཞན་ཡང་། འབྲེལ་ཡོད་དབང་གྲགས་ལྡན་པའི་ཞིབ་འཇུག་ལས་མངོན་གསལ། ཀྲུང་གོས་ཞིབ་སྤེལ་བྱས་པའི་ནད་དུག་གསོད་པའི་རིམས་འགོག་སྨན་ཁབ་ཀྱིས་ད་ཡོད་ཀྱི་གྲང་ཕྲེང་མ་ལག་ལ་བརྟེན་ནས་གསོག་ཉར་དང་སྐྱེལ་འདྲེན་བྱེད་ཐུབ་པས་སྐྱེལ་འདྲེན་མ་གནས་གཞན་མང་དུ་འགྲོ་མི་སྲིད་ལ་ཡོངས་ཁྱབ་རང་བཞིན་དེ་བས་ཆེ་བ་ཡོད”ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་རེད།
   ཁོང་གིས་ཀྲུང་གོས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་སྤེལ་ཐུབ་ནས་སྤྱོད་འགོ་ཚུགས་རྗེས། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་འགྱུར་རྒྱུ་ཡིན་པས་དྲང་སྙོམས་དང་ལུགས་མཐུན་གྱི་རིན་གོང་ཐོག་ནས་འཛམ་གླིང་ལ་མཁོ་སྤྲོད་བྱས་ཏེ་རིམས་འགོག་སྨན་ཁབ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་ཁྱབ་གདལ་གཏོང་ཐུབ་པའི་རང་བཞིན་དང་འགན་འཁུར་ཐུབ་པའི་རང་བཞིན་མངོན་འགྱུར་ཐུབ་རྒྱུར་ཀྲུང་གོས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁས་ལེན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ང་ཚོས་རྣམ་པ་སྣ་ཚོགས་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་པའི་ཐད་བསམ་གཞིག་ཧུར་ཐག་བྱེད་ཀྱི་ཡིན། དེའི་ནང་ཞལ་འདེབས་རྒྱག་པ་དང་རིན་མེད་རོགས་སྐྱོར་ཡང་ཚུད་ཡོད་ཅེས་བརྗོད་པ་རེད།
   “རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཉིས་ཕན་གྱི་འདུ་ཤེས་འཛུགས་པ་དང་རྒྱལ་ཕམ་གྱི་བསམ་གཞིག་དོར་ནས་རང་ཕན་གཞན་གནོད་དང་། འབེལ་ཉོ་དཀོན་འཚོང་དང་གསོག་སྐྱིལ། བཙན་ཧམ་སྒེར་སྡེམ་གྱི་སྤྱོད་ངན་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་ལྷག་དོན་དུ‘རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས’སུ་འགྱུར་རྒྱུར་ངོ་རྒོལ་བྱེད་དགོས།    ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་ལས་བྱས་ཏེ་དེ་བས་བདེ་འཇགས་དང་ནུས་ཆེའི་རིམས་འགོག་སྨན་ཁབ་འདོན་རྒྱུར་སྐུལ་འདེད་བཏང་ནས་རིམས་འགོག་སྨན་ཁབ་ཀྱི་ཁྱབ་གདལ་གཏོང་ཐུབ་པའི་རང་བཞིན་དང་འགན་འཁུར་ཐུབ་པའི་རང་བཞིན་མངོན་འགྱུར་ཐུབ་རྒྱུར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད”ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་རེད།