འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་30ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིམས་ནད་འགོག་ཟོན་བྱེད་པའི་རྒྱལ་སྤྱིའི་ཉིན་མོ་ཐོག་མ་དེར་དྲན་
གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་30ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། 2020ལོའི་ཟླ་12ཚེས་27ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིམས་ནད་འགོག་ཟོན་བྱེད་པའི་རྒྱལ་སྤྱིའི་ཉིན་མོ་ཐོག་མ་དེར་དྲན་གསོ་བྱེད་པའི་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་འབྲེལ་ཡོད་སྒྲིག་གཞིའི་འགན་ཁུར་བ་གཙོ་བོས་དེ་ཉིན་བརྙན་ལམ་ཐོག་གཏམ་བཤད་སྤེལ་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཁྲོད་ནས་བསླབ་བྱ་ཏན་ཏིག་བླངས་ཏེ་རིམས་ནད་སྔོན་འགོག་ལས་དོན་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་འབྱུང་འགྱུར་ཐོན་སྲིད་པའི་ཐོལ་བྱུང་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་དགོས་ཞེས་བརྗོད།
   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བརྙན་ལམ་ཐོག་གཏམ་བཤད་སྤེལ་སྐབས་སྟོབས་དང་ལྡན་པའི་འཕྲོད་བསྟེན་མ་ལག་འཛུགས་རྒྱུ་དང་དེ་བཞིན་སྤྱི་ཚོགས་ཀྱི་སྲུང་སྐྱོབ་དང་རྒྱལ་ཁབ་ཁག་དབར་གྱི་ལག་རྩལ་མཉམ་ལས་ཐད་ཤུགས་སྣོན་རྒྱག་རྒྱུ་དེ་དགོས་གལ་ཤིན་ཏུ་ཆེན་པོ་ཡོད་པའི་ནན་བཤད་བྱས་པ་དང་། ཁོང་གིས“རྒྱལ་ཁབ་ནང་ཁུལ་དང་རྒྱལ་ཁབ་ཁག་དབར་མཐུན་སྒྲིལ་དང་མཐུན་སྦྱོར་བྱ་རྒྱུ་དེའང་གལ་འགངས་ཧ་ཅང་ཆེན་པོ་ཡོད”ཅེས་བརྗོད།
   སྐབས་75པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་པོ་ཙེ་ཁེར་གྱིས་བརྙན་ལམ་ཐོག་གཏམ་བཤད་སྤེལ་སྐབས་སྔོན་འགོག་ཡག་པོ་བྱས་ཚེ་ཚེ་སྲོག་སྲུང་སྐྱོབ་ཐུབ་པ་དང་འབྲེལ་རིམས་ནད་མཆེད་ནས་རིམས་ནད་ཚབས་ཆེན་དུ་འགྱུར་རྒྱུ་སྔོན་འགོག་བྱེད་ཐུབ་ཅེས་བརྗོད་པ་དང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚན་རིག་ལ་ཡིད་ཆེས་བྱས་ཏེ་སྔོན་བརྡའི་ལམ་སྲོལ་བཙུགས་ནས་རིམས་ནད་དང་ཚབས་ཆེའི་རིམས་ནད་ཀྱིས་རྐྱེན་པའི་གེགས་བར་མི་འབྱུང་སྔོན་འགོག་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།
   འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་བརྙན་ལམ་ཐོག་གཏམ་བཤད་སྤེལ་སྐབས“སྤྱི་ཡོངས་བདེ་ཐང”གི་གལ་ཆེའི་རང་བཞིན་ལ་མཐོང་ཆེན་བྱེད་དགོས་པའི་ནན་བཤད་བྱས་ཤིང་། “སྤྱི་ཡོངས་བདེ་ཐང”ཞེས་པ་ནི་མིའི་རིགས་ཀྱི་བདེ་ཐང་དང་། སྲོག་ཆགས་ཀྱི་བདེ་ཐང་། རྩི་ཤིང་གི་བདེ་ཐང་། དེ་བཞིན་ཁོར་ཡུག་གི་རྒྱུ་རྐྱེན་བཅས་གཞི་གཅིག་ཏུ་བསྡུས་པའི་འདུ་ཤེས་ལ་ཟེར། གསར་དུ་ཐོན་པའི་མིའི་རིགས་ཀྱི་འགོ་ནད་75%ནི་སྲོག་ཆགས་དང་མིའི་དབར་ནད་འབུ་འགོ་རེས་བྱས་པ་ལས་ཐོན་པའི་མི་ཕྱུགས་གཉིས་ཀར་ཕོག་པའི་འགོ་ནད་ཞིག་ཡིན་པས“སྤྱི་ཡོངས་ཀྱི་བདེ་ཐང”ལ་མཐོང་ཆེན་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད་ཅེས་བརྗོད།