འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་29ཉིན།

༄༅།།བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ལྔས། གཞུང་ལམ་G219རྒྱུད་ཀྱི་ཡིད་འོང་མཛེས་ལྗོངས་ཁུལ་
མཉམ་དུ་གཏོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་29ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་G219བོད་ལྗོངས་དུམ་བུའི་ཡུལ་སྐོར་ཁྱབ་སྤེལ་དང“དགུན་དུས་བོད་དུ་ཡུལ་སྐོར་ལ་འགྲོ་བའི”སྲིད་ཇུས་ཁྱབ་བསྒྲགས་བྱེད་སྒོ་ཉེ་ཆར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས“ཀྲུང་གོའི་G219བོད་ལྗོངས་དུམ་བུའི་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ”མཉམ་དུ་བཙུགས་ནས། ས་ཁུལ་དང་གྲོང་ཁྱེར་ལྔའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཐུན་མོང་གི་སྲིད་ཇུས་ཀྱི་རྨང་གཞི་དང་། དྲིལ་བསྒྲགས་ཀྱི་རྨང་གཞི། ཞབས་ཞུའི་རྨང་གཞི་བཅས་ལྡན་པའི་ལས་སྟེགས་གསར་པ་ཞིག་གཏོད་རྒྱུ་ཡིན་པ་རེད།
   G219བོད་ལྗོངས་དུམ་བུ་ནི་མངའ་རིས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་བརྒྱུད་ནས་བོད་ཀྱི་འབྲེལ་ཡོད་ས་ཁུལ་ཁག་གི་མཛེས་ལྗོངས་དག་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུར་བྱས་ཡོད་པས་ཡུལ་སྐོར་བ་ཚོས་ལམ་བར་དུ་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་བཀོད་པ་མྱོང་རོལ་བྱེད་ཐུབ། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཧྭ་ཏུང་གིས། G219ཡུལ་སྐོར་ལམ་ཐིག་ནི་གངས་རི་དང་། མཚོ་མོ། ནགས་ཚལ། དགོན་སྡེ་སོགས་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་བསྟར་ལ་བརྒྱུས་པ་ཞིག་ཡིན། “ང་ཚོས་མནའ་འབྲེལ་མཉམ་ལས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོག་ལྗོངས་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་དབར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཐོན་ཁུངས་སྤྱོད་རེས་དང་། ཐོན་རྫས་མཉམ་གཏོད། འགྲུལ་པ་སྐྱེལ་རེས། དྲ་སྦྲེལ་དྲིལ་བསྒྲགས་བཅས་བྱེད་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་ཡིན”ཞེས་བརྗོད་པ་རེད།
   བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས། 2020ལོར་ཡུལ་སྐོར་ལས་རིགས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཤིང་། བོད་ཀྱི་ཡུལ་སྐོར་ལས་རིགས་དུས་ཚིགས་དང་པོར་ཡག་པོ་མེད་ན་ཡང་དུས་ཚིགས་གཉིས་པ་དང་གསུམ་པར་མགྱོགས་མྱུར་སླར་གསོ་ཐུབ་ནས་གསོན་ཤུགས་ཆེན་པོ་རྒྱས་པ་དང་། བོད་ཀྱི་ཡུལ་སྐོར་སླར་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས་2021ལོ་འཁོར་གྱི་དེ་བས་ལེགས་པའི“དགུན་དུས་བོད་དུ་ཡུལ་སྐོར་ལ་འགྲོ”བའི་གཟིགས་སྐྱོང་སྲིད་ཇུས་བཏོན་པ་རེད།