འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་29ཉིན།

༄༅།།མཐུན་སྦྱོར་མཉམ་ལས་ནི་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ཀྱི་ཡིད་ཆེས་བསྐྱར་དུ་འཛུགས་རྒྱུའི་ངོས་
ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་ཡིན།

མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་དྲུང་ཆེ་པོ་ལུའོ་ལི་ཁཱ་ཧྲེ་ཝེ་ལིར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་29ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་དྲུང་ཆེ་ཙུའུ་ལཱ་པུ·པོ་ལུའོ་ལི་ཁཱ་ཧྲེ་ཝེ་ལི་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ལ“སྔར་བྱུང་མྱོང་མེད་པའི”ཤུགས་རྐྱེན་བཟོས་ཡོད། རྒྱལ་ཁབ་ཁག་གི་སྲིད་གཞུང་དབར་དང་སྲིད་གཞུང་དང་སྒེར་གཉེར་སྡེ་ཚན་དབར་མཐུན་སྦྱོར་མཉམ་ལས་བྱ་རྒྱུ་དེ་འབྱུང་འགྱུར་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ཀྱི་ཡིད་ཆེས་བསྐྱར་དུ་འཛུགས་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་ཡིན་ཞེས་བརྗོད།
   པོ་ལུའོ་ལི་ཁཱ་ཧྲེ་ཝེ་ལི་ཡིས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཟླ་བཅུ་པར་ཁྱབ་བསྒྲགས་བྱས་པའི་འཛམ་གླིང་ཡུལ་སྐོར་གྱི་རེའུ་མིག་གསར་ཤོས་ལ་གཞིགས་ན། ཡུལ་སྐོར་ཚོད་འཛིན་གྱི་བྱེད་ཐབས་དང་འཛད་སྤྱོད་པའི་ཡིད་ཆེས་ཆག་པ་སོགས་ཀྱི་ཤུགས་རྐྱེན་ཕོག་པར་བརྟེན། འདི་ལོའི་ཟླ་དང་པོ་ནས་བརྒྱད་པ་བར། རྒྱལ་སྤྱིའི་ཡུལ་སྐོར་བའི་གྲངས་འབོར་ན་ནིང་གི་དུས་མཚུངས་ལས་70%ཆག་པ་དེ་གོ་ལ་ཧྲིལ་པོས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་དུང་ཕྱུར་7ཉུང་དུ་ཕྱིན་པ་དང་ཧ་ལམ་མཚུངས་པ་དང་། རྒྱལ་སྤྱིའི་ཡུལ་སྐོར་གྱི་ཕྱིར་གཏོང་ཡོང་འབབ་ཐད་ཨ་སྒོར་དུང་ཕྱུར་7300ཙམ་གྱི་གྱོང་གུན་ཕོག་ཡོད་ཅེས་བརྗོད།
   པོ་ལུའོ་ལི་ཁཱ་ཧྲེ་ཝེ་ལིས་རིམས་ནད་ལ་ཁ་གཏད་གཅོག་ཆེད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་མགྱོགས་ལ་ནུས་ལྡན་གྱི་བྱེད་ཐབས་སྤྱད་པ་དང་རྒྱལ་ཁབ་མང་པོས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་དེ་བཞིན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་སོགས་སྤྱད་ཡོད་ཅེས་བརྗོད་ཅིང་། ཁོང་གིས་རྒྱལ་སྤྱིའི་ཡུལ་སྐོར་ནི་རྒྱལ་ཁབ་དང་སྡེ་ཁུལ་མང་པོའི་སྲོག་རྩ་ལྟ་བུ་ཡིན། འབྱུང་འགྱུར་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་འོག“མཐུན་སྦྱོར་གཅིག་གྱུར་གྱི་བྱེད་ཐབས”སྤྱོད་རྒྱུ་དེ་ཡུལ་སྐོར་ཚོད་འཛིན་གྱི་བྱེད་ཐབས་མེད་པར་བཟོ་བའམ་ཡང་ན་ལྷུག་ཏུ་གཏོང་བའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། དེ་དང་ཆབས་ཅིག་སྲིད་གཞུང་དབར་དང་དེ་བཞིན་སྲིད་གཞུང་དང་སྒེར་གཉེར་སྡེ་ཚན་དབར་གྱི་མཉམ་ལས་དེ་ཡང་ཡུལ་སྐོར་ལས་རིགས་ཀྱི་ཡིད་ཆེས་བསྐྱར་དུ་འཛུགས་རྒྱུའི་ངོས་ནས་བརྗོད་ནའང་གལ་འགངས་ཆེ་བ་ཞིག་ཡིན་ཞེས་ནན་བཤད་བྱས།
   ཁོང་གིས་རིམས་ནད་ཐོན་རིང་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཡུལ་སྐོར་ལས་རིགས་ཀྱི་དུས་ཐུང་འཕེལ་ཕྱོགས་ལ་ལྟ་ཞིབ་ཚད་ལེན་དམ་ཟབ་བྱས་པ་མ་ཟད། ལས་རིགས་དེར་དམིགས་པའི་ཕྱོགས་བསྡུས་དབྱེ་ཞིབ་སྙན་ཞུ་རྩོམ་འབྲི་བྱས་པ་དང་ད་དུང་གང་འདྲ་བྱས་ཏེ་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་བའི་ཐད་ལའང་མཛུབ་ཁྲིད་ཀྱི་བསམ་འཆར་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཡོད། ལངས་ཕྱོགས་མཐུན་སྦྱོར་བྱ་ཆེད། གོ་ལ་ཧྲིལ་པོ་སླར་གསོ་ཡོང་བར་མཛུབ་ཁྲིད་བྱས་ཡོད། འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཡུལ་སྐོར་ཉམས་ཉེན་ཨུ་ཡོན་ལྷན་ཁང་བཙུགས་པ་དེས་གཅིག་གྱུར་གྱི་ཡུལ་སྐོར་ལས་རིགས་ཀྱི་གྲོས་མཐུན་མཐུན་སྦྱོར་བྱས་ནས་ཁྱབ་གདལ་བཏང་བ་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ད་དུང་ལས་ཞུགས་དང་འཚོ་གནས་སྲུང་སྐྱོང་ལ་མཐོང་ཆེན་བྱས་ཏེ་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་བར་རོགས་རམ་ཐུབ་ཡོད་ཅེས་བརྗོད།
   ཁོང་གིས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཐཱན་ཉུང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་ཡུལ་སྐོར་ལས་རིགས་ཀྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་དམིགས་ཚད་ལ་ལེགས་སྐྱེས་འབུལ་རྒྱུར་མཐོང་ཆེན་བྱེད་དགོས། དེ་དང་ཆབས་ཅིག་ཡུལ་སྐོར་ཁེ་ལས་དང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ངེས་པར་དུ་སྲིད་ཇུས་མཐུན་སྦྱོར་བྱས་ཏེ་རྒྱལ་སྤྱིའི་རྣམ་པའི་ཐོག་ནས་མཉམ་དུ་འབད་བརྩོན་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བློ་སྟོབས་འཕེལ་བ་བྱེད་དགོས་ཞེས་བརྗོད།