འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་29ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་ཕྱོགས་མང་མཉམ་ལས་ཀྱི་
གྲུབ་ཆ་གལ་ཆེན་ཞིག་ཡིན།

ཧྥ་རན་སེའི་ཙུང་ལི་ཟུར་པ་ལཱ་ཧྥ་ལན་ལ་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་29ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་ཆར། ཧྥ་རན་སེའི་ཙུང་ལི་ཟུར་པ་རྒྱང་ལྟ་དང་གསར་གཏོད་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྭང—ཧྥི་ཨེར·ལཱ་ཧྥ་ལན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་ཕྱོགས་མང་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བརྗོད་པ་རེད།
   ལཱ་ཧྥ་ལན་གྱིས་ཕྱོགས་རྐྱང་རིང་ལུགས་ལ་མདུན་ལམ་ཡོད་མི་སྲིད། གོ་ལ་ཧྲིལ་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱབ་ལྗོངས་འོག རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་མཉམ་ལས་དེ་བས་གཏིང་ཟབ་བྱེད་དགོས་པ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཕྱོགས་མང་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་ཆ་ཤས་ཞིག་རེད་ཅེས་བརྗོད་པ་རེད།
   ལཱ་ཧྥ་ལན་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བ་དེ་སྔོན་ཚུད་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་ཀྱི་མ་འཇོག་སྐུལ་ཁྲིད་ལ་བརྟེན་པ་མ་ཟད། རྒྱལ་ནང་གི་འཛད་སྤྱོད་དང་རྒྱལ་སྤྱིའི་ཚོང་དོན་གྱི་ལེགས་སུ་ཕྱིན་པ་དང་ཡང་ཁ་འབྲལ་ཐབས་མེད། ཀྲུང་གོས་རྒྱལ་ནང་དང་རྒྱལ་སྤྱི་འཁོར་རྒྱུག་གཉིས་ཧུར་ཐག་བཏོད་ནས་ཀྲུང་གོའི་འཛད་སྤྱོད་ཁྲོམ་རའི་ཁེ་སྤོགས་ཀྱི་ནུས་པ་ཐོན་པ་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སླར་གསོར་ལེགས་སྐྱེས་འབུལ་རྒྱུ་རེད། གཞན་ཡང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་གི་རྒྱལ་སྤྱིའི་རྣམ་གྲངས་ཆེ་གྲས་ཀྱིས་ཀྱང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
   ལཱ་ཧྥ་ལན་གྱིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱིས་རིམས་འགོག་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། མིག་སྔར་སྤྱི་པའི་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་འབྲེལ་ཡོད་མཉམ་ལས་རྒྱལ་ཁབ་ཀྱི་སྔོན་ཚུད་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་སུ་གྱུར་ཡོད་པ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་འབྲེལ་ཡོད་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་དང་འཛུགས་སྐྲུན་ལ་སྐུལ་མ་ཐེབས་རྒྱུ་རེད། རིམས་ནད་རྗེས་ཀྱི་དུས་རབས་སུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླས་འཕྲོད་བསྟེན་དང་སྨན་བཅོས་མཉམ་ལས་ལ་དེ་བས་སྣང་ཆེན་བྱས་ཏེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་ཁུངས་དེ་བས་མང་བའི་ཐོག་ནས་འབྱུང་འགྱུར་ཐོན་སྲིད་པའི་རིམས་ནད་མཆེད་ཚབས་ཆེ་བའི་གནས་ཚུལ་ལ་ཁ་གཏད་གཅོག་དགོས་ཞེས་བརྗོད་པ་རེད།
   ལཱ་ཧྥ་ལན་གྱིས་ད་དུང་ཡོ་རོབ་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཡོ་རོབ་དང་ཨེ་ཤེ་ཡའི་མཉམ་འབྲེལ་མཉམ་མཐུད་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཧྥ་རན་སེ་དང་། ཀྲུང་གོ ཨ་ཧྥེ་རི་ཁ་བཅས་ཀྱིས་འབྲེལ་ཡོད་ཁྱབ་ཁོངས་སུ་ཕྱོགས་གསུམ་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་ཧྥ་རན་སེ་དང་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བའི་ཁྲོད་རིག་གནས་སྤེལ་རེས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།