འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་25ཉིན།

༄༅༎ནང་སའི་བོད་ལྗོངས་འཛིན་གྲྭའི་ངག་ཐོག་ལོ་རྒྱུས་ཐོག་མའི་དེབ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་25ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ནང་སའི་བོད་ལྗོངས་འཛིན་གྲྭའི་ངག་ཐོག་ལོ་རྒྱུས་ཐོག་མའི་དེབ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བ་ནས་གནས་ཚུལ་འབྱོལ་གསལ། ནང་སའི་བོད་ལྗོངས་འཛིན་གྲྭའི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་35སོང་རིང་བོད་ལྗོངས་ལ་ཕུལ་བྱུང་སློབ་མ་འབུམ་གྲངས་ཁ་ཤས་གསོ་སྐྱོང་བྱས་ཡོད། བསྟན་འཛིན་ཆོས་འཕེལ་ནི་ནང་སའི་བོད་ལྗོངས་འཛིན་གྲྭའི་ཕུལ་བྱུང་སློབ་ཐོན་སློབ་མ་ཞིག་ཡིན་ལ། སྲིད་ཇུས་དེའི་ཕན་པ་ཐོབ་མཁན་ཞིག་ཀྱང་ཡིན། ན་གཞོན་པ་དང་ན་གཞོན་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས་བསྟན་འཛིན་ཆོས་འཕེལ་གྱིས“སྐྱེས་བུ་ཞིག་ཡིན་ན་སེམས་ནང་རྒྱལ་ཁབ་ཡོད་དགོས”ཅེས་པ་བསྲུང་བྱའི་གདམས་ངག་བྱས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་དྲན་ཤེས་ཕུལ་བྱུང་འཚོལ་བསྡུ་དང་། ཟིན་བཀོད། ཉར་ཚགས། རྒྱུན་འཛིན་བཅས་བྱ་རྒྱུའི་སེམས་ཐག་བཅད་པ་རེད། རྒྱབ་ལྗོངས་དེའི་འོག་ཁོང་གིས་བཅར་འདྲི་བྱས་ནས་རྩོམ་སྒྲིག་བྱས་པའི《མཉམ་སྐྱོད་དང་ནུས་སྤྲོད། ནང་སའི་བོད་ལྗོངས་འཛིན་གྲྭའི་ལོ་35ཡི་རིང་གི་མི་35ཡི་ངག་ཐོག་ལོ་རྒྱུས》མི་རིང་བར་གྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།
     2020ལོའི་བར་ནང་སའི་བོད་ལྗོངས་འཛིན་གྲྭའི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་35ཏག་ཏག་སོང་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་21གི་སློབ་འབྲིང་76གིས་ནང་སའི་བོད་ལྗོངས་འཛིན་གྲྭ་སྒྲུབ་ནས་བོད་ལྗོངས་ལ་རིམ་རྩིས་བྱས་ན་སློབ་ཐོན་སློབ་མ་འབུམ་གྲངས་ཁ་ཤས་གསོ་སྐྱོང་བྱས་ཡོད་པ་རེད།
     བསྟན་འཛིན་ཆོས་འཕེལ་ནི་ཁྲུང་ཆིང་བོད་ལྗོངས་སློབ་འབྲིང་ནས་དམའ་འབྲིང་མཐར་ཕྱིན་པ་དང་། སློབ་ཆེན་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཆབ་སྲིད་ཚན་ཁག་ནས་མཐར་ཕྱིན་པ་ཞིག་རེད། ཐའེ་ཝན་ཅིན་མོན་སློབ་ཆེན་གྱི་གཞུང་མངགས་བརྗེ་རེས་སློབ་མ་ཡིན་ཞིང་། སློབ་གྲྭ་དེའི་ལོ་རྒྱུས་ཐོག་གི་བོད་རིགས་སློབ་མ་དང་པོ་དེ་ཡིན། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན་ཞིང་ཀྲུང་གོའི་གསར་འགྱུར་ལས་རིགས་ཀྱི་འཐུས་ཚབ་མི་སྣ་པའེ་ཡན་སུང་ལགས་དགེ་རྒན་ལ་བསྟེན་པ་ཡིན། ད་ཆ་ཀྲུང་ཧྭ་ངག་ཐོག་ལོ་རྒྱུས་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ། ལྷ་ས་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་འགན་ཁུར་ཞིང་། གཙོ་བོ་ངག་ཐོག་ལོ་རྒྱུས་ཞིབ་འཇུག་དང་ལག་ལེན་ལས་དོན་སྤེལ་ནས་རྩ་ཆེའི་རྒྱབ་ཁབ་དང་མི་རིགས་ཀྱི་དྲན་ཤེས་འཚོལ་བསྡུ་དང་། མྱུར་སྐྱོབ། ཟིན་བཀོད། རྒྱུན་འཛིན་བཅས་བྱེད་ཀྱི་ཡོད། “དཔེ་དེབ་འདི་དཔེ་སྐྲུན་བྱས་པ་དེ་ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་35འཁོར་བའི་དུས་དང་ཏག་ཏག་འཁེལ་ཡོད་ལ། དེ་ནི་དྲན་གསོ་ཞིག་དང་། ཕྱོགས་བསྡོམས་ཤིག། རྒྱང་ལྟ་ཞིག་བཅས་ཡིན་པས་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་བསྟན་འཛིན་ཆོས་འཕེལ་གྱིས་བཤད།
     བསྟན་འཛིན་ཆོས་འཕེལ་གྱིས་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་ཐོན་སློབ་མ་ཞིག་གི་དྲིན་ཚོར་བསམ་པ་བཅངས་ནས་ངག་ཐོག་ལོ་རྒྱུས་ཀྱི་ཆེད་ལས་ཞིབ་འཇུག་བྱ་ཐབས་དང་ངོ་ཐུག་གདོང་འཕྲད་ཀྱིས་བཅར་འདྲི་བྱེད་པའི་རྣམ་པའི་ཐོག་ནས། 1985ལོ་ནས་བཟུང་ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ད་བར་གྱི་ལོ་35ཡི་ནང་ལས་རིགས་ཁག་ཏུ་འབད་འཐབ་བྱས་ཀྱི་ཡོད་པ་དང་། རྒྱ་རིགས་དང་། བོད་རིགས། མོན་པ་རིགས་སོགས་ཚུད་པའི་མཚོན་བྱེད་རང་བཞིན་ལྡན་པའི་སློབ་ཐོན་སློབ་མ་35ཡི་སློབ་སྦྱོང་བརྒྱུད་རིམ་དང་འབད་འཐབ་བརྒྱུད་རིམ་སྔོག་འདོན་གང་ལེགས་བྱས་པ་དང་འབྲེལ་ལེགས་སྒྲིག་ཞིབ་ཚགས་བྱས་ཡོད་པས། དེ་ནང་སའི་བོད་ལྗོངས་འཛིན་གྲྭའི་ངག་ཐོག་ལོ་རྒྱུས་དང་པོར་གྱུར་ཡོད།
     ངག་ཐོག་ལོ་རྒྱུས་ནི་ལོ་རྒྱུས་འཚོལ་བསྡུ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། གཙོ་བོ་མིའི་དྲན་ཤེས་ལས་བྱུང་བ་དང་། ལོ་རྒྱུས་ཀྱི་ཡུལ་དངོས་བརྒྱུད་མྱོང་མཁན་ལ་བཅར་འདྲི་བྱས་ནས་ཟིན་ཐོ་དང་། སྒྲ་འཇུག  བརྙན་ཕབ་སོགས་དེང་རབས་ལག་རྩལ་གྱི་བྱེད་ཐབས་སྤྱད་དེ་ལོ་རྒྱུས་དོན་རྐྱེན་གྱི་དོ་བདག་གམ་ཡང་ན་དངོས་སུ་མཐོང་མཁན་གྱི་དྲན་གསོ་གལ་ཆེན་ཟིན་ཐོར་བཀོད་དེ་རིན་ཐང་ལྡན་པའི་ངག་ཐོག་དཔང་རྟགས་ཤིག་ཆགས་པ་བྱེད་པ་ཞིག་ཡིན། ངག་ཐོག་ལོ་རྒྱུས་ཀྱིས་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚང་མས་རང་ཉིད་ཀྱི་གཏམ་རྒྱུད་ཤོད་ཡོད་པ་དང་། གཏམ་རྒྱུད་ཞིབ་ཚགས་དང་གསོན་ཉམས་དོད་པས་གོ་སྐོན་བློ་འགུག་གི་ནུས་པ་དང་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་བ་ལྡན་ཡོད།
     དེབ་དེ་ནི་ཀྲུང་གོའི་གསར་འགྱུར་ལས་རིགས་ཀྱི་འཐུས་ཚབ་མི་སྣ་པའེ་ཡན་སུང་གིས་འོས་སྦྱོར་ཤུགས་ཆེན་བྱས་པ་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། དེབ་ནང་གི་མི་སྣ་སྟེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འཇམ་དབྱངས་ཤེས་རབ། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་རྡོ་རྗེ་ནོར་བུ། རྒྱལ་ཡོངས་ཀྱི་དབུལ་སྐྱོར་སྔོན་ཐོན་མི་སྒེར་ཝང་ཏུང་ཧའེ་སོགས་ཀྱིས་གང་ཟག་དང་པོའི་ཐ་སྙད་ཐོག་ནས་བོད་རིགས་ཕྲུ་གུ་མི་རབས་ཁ་ཤས་མེས་རྒྱལ་ནང་སར་སློབ་སྦྱོང་ལ་བསྐྱོད་པའི་དོན་དངོས་གཏམ་རྒྱུད་བརྗོད་ཡོད་པས་དེ་ནི་མི་རབས་ཁ་ཤས་ཀྱི་ཐུན་མོང་གི་ལང་ཚོའི་དྲན་ཤེས་ཤིག་ཡིན་པ་དང་ཆབས་ཅིག་རིག་གཞུང་དང་ཡིག་ཚགས་ཀྱི་རིན་ཐང་ཡང་ལྡན་ཡོད་པ་རེད།
     ཟླ་12ཚེས་27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཡི་ཐོག་བསྟན་འཛིན་ཆོས་འཕེལ་གྱིས་ལྷ་སའི་རླུང་རྟ་དཔེ་ཁང་དུ་《མཉམ་སྐྱོད་དང་ནུས་སྤྲོད། ནང་སའི་བོད་ལྗོངས་འཛིན་གྲྭའི་ལོ་35ཡི་རིང་གི་མི་35ཡི་ངག་ཐོག་ལོ་རྒྱུས》ཀྱི་རྒྱལ་ཡོངས་སྐོར་སྐྱོད་མཉམ་སྤྱོད་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། དེ་རྗེས་ཁོང་གིས་ད་དུང་ཁྲུང་ཆིང་བོད་ལྗོངས་སློབ་འབྲིང་གི་ཚོམས་ཆེན་དང་། ཝུའུ་ཧན་བོད་ལྗོངས་སློབ་འབྲིང་། ནན་ཅིང་གི་ཝན་ཞང་དཔེ་ཁང་། ཧྲང་ཧའེ་ཡི་བོད་ལྗོངས་ཐོག་ཁང་ཝན་དབྱི་གསོལ་མགྲོན་ཁང་། པེ་ཅིང་གི་བོད་ལྗོངས་ཐོག་ཁང་སོགས་ས་གནས་མང་པོར་སྔ་རྗེས་སུ《མཉམ་སྐྱོད་དང་ནུས་སྤྲོད། ནང་སའི་བོད་ལྗོངས་འཛིན་གྲྭའི་ལོ་35ཡི་རིང་གི་མི་35ཡི་ངག་ཐོག་ལོ་རྒྱུས》ཞེས་པའི་དཔེ་དེབ་གསར་པའི་མཉམ་སྤྱོད་བྱེད་སྒོ་སྤེལ་རྒྱུ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833730.html)