འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་24ཉིན།

༄༅༎གྲང་འགོག་གྱོན་ཆས་ཞལ་འདེབས་ཕུལ། དམངས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་24ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྤྱི་ཟླ་12པའི་དཀར་མཛེས་སུ་གནས་གཤིས་མགྱོགས་མྱུར་གྲང་དུ་སོང་ནས་གྲང་རླུང་འུར་འུར་དུ་ལྡང་མོད། འོན་ཀྱང་གྲང་ངར་ཆེ་བའི་རླུང་བུས་གཟིགས་སྐྱོང་གི་གོམ་སྟབས་འགོག་ཐབས་བྲལ། ཉེ་ཆར། དཀར་མཛེས་རྫོང་རྒྱ་གྲམ་དམར་རྟགས་ཚོགས་པས་པོ་སི་ཏེང་ཁྲེང་ཏུའུ་ཡན་ལག་ཀུང་སི་དང་མཉམ་འབྲེལ་ཐོག་དཀར་མཛེས་རྫོང་གེ་སར་གྲོང་དུ“དཀར་མཛེས་སུ་དྲོ་སྐྱིད་སྦྱིན་པའི”གྲང་འགོག་གྱོན་ཆས་ཞལ་འདེབས་རྒྱག་པའི་མཛད་སྒོ་འཚོགས་པ་རེད།
     བྱེད་སྒོ་སྤེལ་ཡུལ་དུ་ཕར་འགྲོ་ཚུང་འོང་བྱེད་མཁན་མི་ཚོགས་ཀྱིས་ཁེངས་ཤིང་། སྐབས་དེར་ལས་དོན་མི་སྣས་འབད་བརྩོན་ཆེན་པོས་དཀའ་སྡུག་ལ་མི་འཛེམས་པར་གྱོན་ཆས་བྱུར་བུར་བླུགས་པའི་སྒམ་དེ་དག་ཞལ་འདེབས་རྒྱག་ཡུལ་དུ་དབོར་ནས་སྤྱི་ཕན་བྱེད་སྒོར་ནུས་ཤུགས་བཏོན་ཡོད། བྱེད་སྒོ་སྤེལ་ཡུལ་གྱི་མང་ཚོགས་ཚོའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ཞིང་ཚང་མས་མཐོ་བོང་བསྒྲེངས་ཏེ་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་མཚོན་པར་བྱེད་ཀྱི་ཡོད།
     པོ་སི་ཏེང་ཁྲེང་ཏུའུ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ལྟ་ཞིབ་པ་ཝུའུ་རུའེ་ཡིས“གོ་སྐབས་འདི་འདྲ་ཞིག་རག་པ་ནི་གཟི་བསོད་ལྡན་པ་ཞིག་རེད། མེ་ཏོག་རྒྱ་སེར་འཆང་ན། ལག་པར་དྲི་ཞིམ་འཐུལ་བ། གཅེས་སེམས་སྐྱེས་སུ་ཕུལ་བས། རེ་བའི་འབྲས་བུ་སྨིན་སོང། ད་རེས་རོགས་སྐྱོར་ཐོབ་པའི་མང་ཚོགས་ཚོས་ང་ཚོའི་སེམས་ཁུར་ཚོར་ཐུབ་པའི་རེ་བ་ཡོད། དཀའ་ངལ་གྱི་མདུན་དུ་བློ་སྟོབས་མི་ཉམས་པ་དང་ཧུར་སེམས་ལ་བརྟེན་ནས་འཚོ་བ་བསྐྱལ་ཏེ་སོ་སོའི་འཚོ་བར་རེ་བས་ཁེངས་པ་བྱེད་དགོས”ཞེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཞལ་འདེབས་རྒྱག་པའི་བྱེད་སྒོ་མཇུག་འགྲིལ་རྗེས་གཅེས་སེམས་མི་སྣས་ད་དུང་དཀར་མཛེས་རྫོང་ལྟེ་བའི་རྒན་གསོ་ཁང་དང་། ཁམས་བྱང་བྱིས་པའི་ཕན་བདེ་ཁང་དུ་བསྐྱོད་དེ་གྲང་འགོག་གྱོན་ཆས་ཞལ་འདེབས་བརྒྱབ་ཅིང་། ད་རེས་ཀྱི་བྱེད་སྒོར་ཁྱོན་བསྡོམས་ཁོར་ཡུག་གཙང་སྦྲ་བ་དང་། མི་ཧྲེང་རྒན་རྒོན། མང་ཚོགས་དབུལ་པོ། སློབ་མ་བཅས་ལ་གྲང་འགོག་གྱོན་ཆས་1000ཞལ་འདེབས་བརྒྱབ་པ་རེད།
     བརྩེ་སེམས་བཅངས་ནས་ཕྱོགས་བཞིར་དྲོ་སྐྱིད་སྦྱིན། དགུན་ཁའི་གྱོན་ཆས་ཤིག་གིས་རོགས་རམ་བྱེད་དགོས་པའི་མི་རྣམས་ལ་གྲང་ངར་ཆེ་བའི་དགུན་ཁར་དྲོ་སྐྱིད་སྦྱིན་པས། ང་ཚོས་གཅེས་སེམས་ཀྱིས་ཕྱུག་པའི་མི་རྣམས་ལ་བསྔགས་བརྗོད་མི་བྱེད་ཅི་ལ་སྲིད། ཁོང་ཚོ་ཡོད་པས་འདི་ལོའི་དགུན་ཁའི་གྲང་ངར་ལ་ཞེད་དགོས་མེད།