འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་22ཉིན།

༄༅།།དབྱིན་ཇིར་ཏོག་གསར་གློ་ཚད་ནད་དུག་གཞན་འགྱུར་གྱི་གནས་ཚུལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་22ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དབྱིན་ཇིར་ཏོག་གསར་གློ་ཚད་ནད་དུག་གཞན་འགྱུར་གྱི་གནས་ཚུལ་བྱུང་བ།
   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན། ཡེ་ཤུ་འཁྲུངས་སྐར་སླེབས་ལ་ཉེ་བའི་དུས་མཚམས་སུ། དབྱིན་ཇིའི་ས་ཁུལ་ཁག་ཅིག་ཏུ་ཏོག་གསར་གློ་ཚད་ཀྱི་ནད་དུག་འགོས་ཚད་ཇེ་མགྱོགས་འགྲོ་བཞིན་ཡོད་པས་མི་རྣམས་ལ་སེམས་ཁྲལ་ཆེན་པོ་ཡོད། དབྱིན་ཇིའི་སྲིད་གཞུང་གིས་གནས་ཚུལ་དེ་གཞན་འགྱུར་ཏོག་གསར་ནད་དུག་ཅིག་དང་འབྲེལ་བ་ཡོད་མེད་ཐད་ལ་བརྟག་དཔྱད་བྱེད་པ་དང་ཆབས་ཅིག་རྒྱལ་ས་ལོན་ཏོན་དང་། དབྱིན་ཀ་ལན་ཤར་ལྷོ་རྒྱུད་དང་ཤར་རྒྱུད་ས་ཁུལ་ཁག་ཅིག་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་རིམ་པ་དེ་རིམ་པ་གསུམ་པ་ནས་རིམ་པ་བཞི་བར་ཇེ་མཐོར་བཏང་ཡོད།
   དབྱིན་ཇི་སྲིད་གཞུང་གིས་ཟླ་འདིའི་ཚེས་14ཉིན་ཏོག་གསར་ནད་དུག་གཞན་འགྱུར་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད། འཕྲོད་བསྟེན་བློན་ཆེན་མ་ཞུའུ་ཧན་ཁའོ་ཁེ་ཡིས་ཉིན་དེར་ཏོག་གསར་ནད་དུག་གཞན་འགྱུར་ཞིག་དེ་དབྱིན་ཀ་ལན་ཤར་ལྷོ་རྒྱུད་ཀྱི་ནད་དུག་འགོས་ཚད་ཇེ་མགྱོགས་འགྲོ་བ་དང་འབྲེལ་བ་ཡོད་ངེས་ཡིན་ལུགས་བཤད། འདས་ཟིན་གྱི་ཟླ་བ་ཁ་ཤས་རིང་། གཞན་འགྱུར་ནད་དུག་རིགས་འདྲ་རྒྱལ་ཁབ་གཞན་པ་ནས་གསར་རྙེད་བྱུང་ཡོད། དབྱིན་ཇིས་འབྲེལ་ཡོད་གནས་ཚུལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྡལ་ཁྱབ་བཏང་ཟིན་ཞེས་བཤད། 
   དབྱིན་ཀ་ལན་སྤྱི་པའི་འཕྲོད་བསྟེན་ཅུས་ཀྱིས་ངོ་སྤྲོད་བྱས་དོན། གཞན་འགྱུར་ནད་དུག་དེར་“VUI-202012/01”ཞེས་མིང་བཏགས་ཡོད། མིག་སྔར་དབྱིན་ཇིའི་རིམས་ནད་ཚབས་ཆེ་བའི་ས་ཁུལ་དུ། གཞན་འགྱུར་ནད་དུག་འགོས་པའི་ནད་དཔེ་གྲངས་གཞི་མང་ཙམ་མཐོང་ཐུབ་ཀྱི་ཡོད།
   དབྱིན་ཇི་སྲིད་གཞུང་གིས་དེ་སྔོན་སྤྱི་བསྒྲགས་བྱས་པའི་མཛུབ་སྟོན་ལ་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་གྱི་ཉེན་བརྡ་མ་ལག་རིམ་པ་གསུམ་པའི་ནང་། རིམ་པ་དང་པོ་ནས་གསུམ་པ་སོ་སོས་ཁ་གཏད་རྒྱུ་ནི་“འབྲིང”“མཐོ”“ཧ་ཅང་མཐོ”བཅས་རིམས་ནད་ཀྱི་ཉེན་བརྡ་རིམ་པ་གསུམ་དང་དེ་དང་བསྟུན་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་དེ་རེད། དེ་ཡང་རིམས་ནད་གནས་ཚུལ་ནི་སྤྲོ་སྣང་སྐྱེས་འོས་པ་ཞིག་མིན་པའི་རྐྱེན་གྱིས་དབྱིན་ཇི་སྲིད་གཞུང་གིས་རིམ་པ་བཞི་བ་སྣོན་འགོད་བྱ་རྒྱུའི་ཐག་བཅད་པ་རེད།
   ཡིན་ནའང་། དབྱིན་ཇིའི་རིགས་གཅིག་མཁས་པ་ཁ་ཤས་ཀྱིས། ནད་དུག་གཞན་འགྱུར་གནས་ཚུལ་བྱུང་བ་དེ་སྔོན་དཔག་ཐུབ་པའི་ཁོངས་སུ་ཚུད་པ་ཡིན་ཞེས་བསྟན། ལི་ཝུའུ་ཕུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུའུ་ལི་ཨན་ཞི་སི་ཁོ་ཁེ་སི་ཡིས། ཏོག་གསར་གློ་ཚད་ཀྱི་ནད་དུག་མུ་མཐུད་གཞན་འགྱུར་ཡོང་ངེས་ཡིན་པས། ཐེངས་འདིར་ཏོག་གསར་ནད་དུག་གཞན་འགྱུར་གནས་ཚུལ་བྱུང་བ་དེ་བསམ་ཡུལ་ལས་འདས་པ་ཞིག་མ་རེད། ད་ལྟ་གལ་ཆེ་ཤོས་ནི་གཞན་འགྱུར་གྱི་ནད་དུག་དེ་ནི་མིའི་གཟུགས་ཁམས་བདེ་ཐང་དང་། འབྲེལ་ཡོད་ནད་བརྟག འགོག་ཁབ་ཀྱི་ཕན་ནུས་བཅས་ལ་ཤུགས་རྐྱེན་ཐེབས་པའི་ཁྱད་ཆོས་གསར་པ་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དེ་ཡིན་ཞིང་། མིག་སྔར་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱོད་པ་དག་ནི་ཏག་ཏག་སྐབས་སུ་འཁེལ་ཡོད་ཅེས་བཤད།
    དབྱིན་ཇི་སྲིད་གཞུང་གིས་ཚེས་20ཉིན་སྤེལ་བའི་གཞི་གྲངས་ལས་མངོན་གསལ་བྱུང་བ་སྟེ། འདས་ཟིན་པའི་ཆུ་ཚོད་24ཡི་ནང་རྒྱལ་ཁབ་དེར་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱས་པའི་ནད་དཔེ་35928མང་དུ་འགྲོ་བ་དང་། རིམས་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་དཔེ་2040147ཡོད་པ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833386.html)
༄༅།།དབྱིན་ཇིར་ཏོག་གསར་གློ་ཚད་ནད་དུག་གཞན་འགྱུར་གྱི་གནས་ཚུལ་བྱུང་བ།