འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་21ཉིན།

༄༅།། 2050ལོ་བར་ཨེ་ཤ་ཡ་ལྷོ་མའི་“གནམ་གཤིས་རྐྱེན་གནས་སྤོ་ཡུལ་མི”ཁྲི་6200ལས་བརྒལ་ངེས། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་21ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་12ཚེས་20ཉིན། རྒྱལ་སྤྱིའི་བྱ་སྤྱོད་རོགས་སྐྱོར་སྒྲིག་འཛུགས། ཨེ་ཤ་ཡ་ལྷོ་མའི་གནམ་གཤིས་བྱ་སྤྱོད་དྲ་རྒྱ་སོགས་ཀྱི་སྒྲིག་གཞི་ཡིས་ཉེ་ཆར་མཉམ་འབྲེལ་སྒོས་སྤེལ་བའི་ཞིབ་འཇུག་སྙན་ཞུ་ལས་མངོན་གསལ། 2050ལོ་སླེབས་དུས། རྒྱ་མཚོའི་མཚོ་གནས་འཕར་བ་དང་། ཐན་པ། ལོ་ཏོག་ཐོན་ཚད་འཕྲི་བ་སོགས་གནམ་གཤིས་འགྱུར་ལྡོག་དབང་གིས་ཨེ་ཤ་ཡ་ལྷོ་མའི་མི་ཁྲི་6200ལྷག་ཁྱིམ་གཞིས་དང་ཁ་མ་བྲལ་རང་བྲལ་གྱུར་འགྲོ་བ་དང་། དེའི་ཁྲོད་དུ་རྒྱ་གར་གྱི་“ནམ་ཟླའི་དབང་གིས་གནས་སྤོ་ཡུལ་མི་”མི་ཁྲི་4500ལས་བརྒལ་རྒྱུ་རེད། 
    ཁ་བྱང་ལ་《གནམ་གཤིས་ལ་ཡ་མ་བྱས་པའི་རིན་དོད་དེ། གནས་སྤོ་དང་གནས་སྤོ་དགོས་ཐུག་པ་》ཞེས་པའི་སྙན་ཞུ་འདིའི་ནང་ཨ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལྔ་(བྷང་ག་ལ། རྒྱ་གར། བལ་བོ། ཕ་ཁི་སི་ཐན། སི་རི་ལན་ཁ།)ཡིས་གནམ་གཤིས་འགྱུར་ལྡོག་བྱུང་རྐྱེན་མི་འབོར་གནས་སྤོ་བའི་གནས་ཚུལ་བྱུང་བར་དཔྱད་དཔོག་བྱས་ཡོད། ཞིབ་འཇུག་མི་སྣས་འབྲེལ་ཡོད་མ་དཔེ་ལ་གཞིགས་ནས་ཚད་ལེན་ཞིབ་རྩིས་འདི་འདྲ་བྱས་ཡོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བྱ་སྤྱོད་སྤེལ་ཏེ་ད་ལྟའི་དུས་རིམ་གྱི་བཙོག་འབུད་ཉུང་གཏོང་གི་དམ་བཅའ་དང་དམིགས་འབེན་མངོན་འགྱུར་བྱུང་རུང་། 2030ལོ་བར་ཨེ་ཤེ་ཡ་ལྷོ་མར་ད་དུང་“གནམ་གཤིས་དབང་གིས་གནས་སྤོ་ཡུལ་མི་”ཁྲི་3740ཡོད་པ་དང་། 2050ལོའི་བར་གཞི་གྲངས་འདི་ཁྲི་6290ལ་སླེབས་ཀྱི་ཡོད། 
   སྙན་ཞུ་ལས་བསྟན་དོན། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙོག་འབུད་ཉུང་གཏོང་གི་བྱེད་ཐབས་ནན་མོ་སྤེལ་ན། གོ་ལ་ཧྲིལ་བོའི་དྲོད་ཚད་ཇེ་མཐོར་འགྲོ་བ་སྟེ་《ཕ་རི་སིའི་གྲོས་ཆིངས》ཀྱིས་གཏན་འབེབས་བྱས་པའི་དམིགས་འབེན་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་ཆོག་ཅིང་། 2030ལོ་དང་2050ལོ་སླེབས་དུས་ཨེ་ཤ་ཡ་ལྷོ་མའི་“གནམ་གཤིས་རྐྱེན་གནས་སྤོ་ཡུལ་མི”སོ་སོ་མི་ཁྲི་2250དང་ཁྲི་3440སླེབས་རྒྱུ་རེད། 2015ལོའི་ཟླ་12པར་《ཕ་རི་སིའི་གྲོས་ཆིངས་》ལ་གྲོས་འཆམ་བྱུང་བ་ལས་བཏོན་དོན། ཕྱོགས་ཁག་གིས་གནམ་གཤིས་འགྱུར་ལྡོག་གི་འཇིགས་སྐུལ་ལ་ཁ་གཏད་དྲག་པོ་བཅལ་ཏེ། གོ་ལ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་དེ་བཟོ་ལས་ཅན་སྔོན་ལས་ཡར་འཕར་ཚད་དང་བསྡུར་ན་ཧྲེ་ཧྲུའུ་ཏུའུ་2ཚུན་དུ་ཚོད་འཛིན་བྱེད་ཐུབ་པ་དང་། དྲོད་ཚད་འཕར་ཚད་ཧྲེ་ཧྲུའུ་ཏུའུ་1.5ཚུན་དུ་ཚོད་འཛིན་བྱ་ཆེད་འབད་བརྩོན་བྱེད་དགོས། 
   རྒྱལ་སྤྱིའི་བྱ་སྤྱོད་རོགས་སྐྱོར་སྒྲིག་འཛུགས་གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་འགན་འཁུར་བ་ཧ་ཅི་ཐེ་ཞིན་ཀེ་ཡིས། ཨེ་ཤ་ཡ་ལྷོ་མར་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གྱི་གནད་དོན་དང་འཕྲད་ཡོད་པ་སྟེ། དཔེར་ན་བལ་བོའི་འཁྱག་རོམ་ཞུ་བ་དང་། རྒྱ་གར་དང་། བྷང་ག་ལའི་རྒྱལ་ཁབ་ཉེ་འགྲམ་གྱི་རྒྱ་མཚོའི་མཚོ་གནས་ཇེ་མཐོར་འགྲོ་བ་སོགས་རེད། འདི་ཡིས་མི་སྔར་ལས་མང་པོ་ཁྱིམ་གཞིས་དང་ཁ་མ་བྲལ་རང་བྲལ་བྱས་ཏེ་འཚོ་ཚིས་གསར་པ་འཚོལ་དགོས་ཐུག་ཡོད་ཅེས་བསྟན།
    སྙན་ཞུའི་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་དྲོད་ཁང་གི་རླངས་པ་གཏོང་ཚད་ཇེ་ཉུང་གཏོང་བའི་ཐད་ལ་འགོ་ཁྲིད་ཀྱི་ནུས་པ་བཏོན་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གནམ་གཤིས་འགྱུར་ལྡོག་ལ་འཚམ་པ་དང་གནམ་གཤིས་གནོད་འཚེ་ནང་ནས་སླར་གསོ་འབྱུང་ཐུབ་པར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་བྱས་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833260.html)