འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་8ཉིན།

༄༅།།ཡུན་ནན་གྱིས་རྩ་ཆེའི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་ཁུལ་ཆུང་30བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་08ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཡུན་ནན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་རྩ་ཆེའི་རི་སྐྱེས་རྩི་ཤིང་མྱུར་སྐྱོབ་སྲུང་སྐྱོང་བྱས་ཏེ་ཞིང་ཆེན་དེ་ཡོངས་སུ་རྩ་ཆེའི་རི་སྐྱེས་རྩི་ཤིང་མྱུར་སྐྱོབ་སྲུང་སྐྱོང་རྣམ་གྲངས་120ལྷག་ཙམ་ལག་ལེན་བསྟར་ནས་སྲུང་སྐྱོང་ཁུལ་ཆུང་30དང་། ཉེ་ས་དང་སྤོ་སའི་རྟེན་གཞི་13 སྐྱེ་དངོས་རིགས་ཕྱིར་ལོག་ཚོད་ལྟའི་རྟེན་གཞི་5བསྐྲུན་ཏེ་གསོམ་ཤིང་དང་ཡུན་ནན་གྱི་གདངས་ཤིང་སོགས་རི་སྐྱེས་རྩི་ཤིང་རིགས་67ལ་སྲུང་སྐྱོང་དང་སླར་གསོ་ནུས་ལྡན་བྱུང་ཡོད།
   ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཝུའེ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཡུན་ནན་ཞིང་ཆེན་གྱིས་2004ལོར་རྒྱལ་ཡོངས་སུ“རྩ་ཆེའི”སྲུང་སྐྱོང་གྲོས་འགོ་ཐོག་མར་བཏོན་པ་དང་2005ལོར་རྩ་ཆེའི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད། 2010ལོར། ཡུན་ནན་ཞིང་ཆེན་སྲིད་གཞུང་གིས《ཡུན་ནན་ཞིང་ཆེན་གྱི་རྩ་ཆེའི་སྐྱེ་དངོས་རིགས་སྲུང་སྐྱོང་གི་འཆར་འགོད་རྩ་གནད》ལག་བསྟར་བྱ་རྒྱུར་ཆོག་མཆན་སྤྲད་ནས་སྲུང་སྐྱོང་བྱ་ཡུལ་112ཁ་གསལ་བཏོན་ཡོད། མིག་སྔར་ཡུན་ནན་གྱི་སྤྲེལ་ཁྲ་2000ལོའི་1400ལྷག་ཙམ་ནས་3000ལྷག་ཙམ་བར་འཕར་བ་དང་། ཡུན་ནན་དུ་དགུན་སྒྲོལ་ཁྲུང་ཁྲུང་མཇིང་ནག་དེ་1996ལོའི་1600ལྷག་ཙམ་ནས་3000ལྷག་ཙམ་བར་མང་དུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཨེ་ཤེ་ཡའི་གླང་ཆེན་དེ་དུས་རབས་གོང་མའི་ལོ་རབས་80པའི་མགོ་གྲངས་150ནས་མགོ་གྲངས་300ཡས་མས་སུ་འཕར་ཡོད། རི་སྐྱེས་སྲོག་ཆགས་ཀྱིས་མི་ལུས་ལ་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུན་བཟོ་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། 1993ལོར་ཡུན་ནན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པའི་གུན་གསབ་ལམ་ལུགས་སྔོན་ལ་བཙུགས་པ་རེད། 2010ལོར་རི་སྐྱེས་སྲོག་ཆགས་ཀྱི་སྤྱི་དམངས་འགན་འཁྲིའི་འགན་བཅོལ་ཚོད་ལྟ་སྔོན་ལ་སྤེལ་འགོ་བརྩམས་ཏེ་ཚོང་ལས་འགན་བཅོལ་བྱེད་སྟངས་ནང་འདྲེན་བྱས་ནས་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་2014ལོར་ཞིང་ཆེན་ཚང་མར་ཁྱབ་ཡོད་པ་རེད། 2014ལོ་ནས་བཟུང་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པའི་འགན་བཅོལ་གྱོད་གཞི་ཁྲི་13ལྷག་ཙམ་ཞིབ་བཤེར་གཏན་འཁེལ་བྱས་པ་དང་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་2.97སྤྲད་པས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་མང་ཚོགས་ཀྱི་གྱོང་གུན་གསབ་ཡོད།