འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་7ཉིན།

༄༅༎རྔོན་པའི་འཚོ་བ་དང་གཏན་དུ་བྲལ།

—— ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་བྲག་སྒམ་ནང་གྲོང་ཚོའི་དབུལ་སྒྲོལ་ལས་དོན་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་07ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་བྲག་སྒམ་ནང་གྲོང་ཚོར་ཡར་སྔོན་མི་ཚོགས་འདི་འདྲ་ཞིག་ཡོད་དེ། ཁོང་ཚོས་ལུས་ལ་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་པ་དང་ལག་ཏུ་རྔོན་མདའ་འཁྱེར་ཏེ་ནགས་གསེབ་ཏུ་རི་དྭགས་རྔོན་པར་འགྲོ་ཡི་ཡོད།
     ཁོང་ཚོ་ནི་ས་གནས་དེའི་ཡུལ་མི་རེད་ལ་ནགས་ཁྲོད་དུ་འཚོ་ཐབས་བྱེད་པའི་རྔོན་པའང་རེད།
     འདི་ལོ་ལོ་56ལ་སླེབས་པའི་ཚེ་རིང་བཀྲ་ཤིས་ཀྱང་དེ་སྔོན་ཁོང་ཚོའི་གྲས་ཤིག་ཡིན་ཞིང་། ཁོང་གི་ངོས་ནས་བརྗོད་ན་རྔོན་རྒྱག་པ་ནི་ཐབས་ཟད་འུ་ཐུག་ཏུ་གྱུར་པའི་གདམ་ག་འབའ་ཞིག་རེད།
     བྲག་སྒམ་ནང་གནས་ཡུལ་དུ་རི་བོ་མཐོ་ལ་ནགས་ཚལ་སྟུག་པ་དང་སྲོག་ཆགས་དང་རྩྭ་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཏེ་སྔོན་ཆད་ཀྱི་ས་མ་འབྲོག་གི་བོད་ཀྱི་སྲོལ་རྒྱུན་འཚོ་བ་སྐྱེལ་སྟངས་ལས་མི་ཚོའི་གྲོད་པའང་རྒྱགས་དཀའ།
     དེས་ན་འཚོ་བའི་ཆེད་མི་ཚང་མས་རྔོན་མདའ་འཁྱེར་ཏེ་ནགས་ཁྲོད་དུ་རྔོན་རྒྱག་པར་ཕྱིན་ལ། དུས་དེ་ནས་བཟུང་འབྲོག་པ་དང་ཞིང་པ་གཉིས་ཀ་རྔོན་པར་གྱུར།
     དབྱར་དུས་ནི་རྔོན་རྒྱག་པའི་དུས་ཚིགས་གཙོ་བོ་ཡིན་ལ། དེ་དུས་སྤྱང་ཀི་དང་། ཝ་མོ། གཉན་སོགས་སྲོག་ཆགས་མང་པོ་རྔོན་མདའི་འོག་ཏུ་ཚུད་ཀྱི་ཡོད།
     ཚེ་རིང་བཀྲ་ཤིས་ཀྱིས་ཀྱང་ཨ་ཕའི་ཤུགས་རྐྱེན་ལས་ཆུང་དུས་ནས་རི་དྭགས་ཇི་ལྟར་རྔོན་ཐབས་ཤེས་ཀྱི་ཡོད་དེ། མེ་མདའ་རྒྱག་སྐབས“གནད་གསུམ་དང་ཐིག་གཅིག”དགོས་པ་དང་། རི་དྭགས་རྒྱུ་སར་སྙི་འཛུགས་དགོས་པ། རི་དྭགས་ཀྱི་ཤོད་དུ་སྡོད་དགོས་པ། རི་དྭགས་མོ་དང་རྨས་སྐྱོན་ཕོག་པའི་རི་དྭགས་མི་གསོད་པ། རང་བྱུང་ཁམས་ཀྱི་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་དགོས་པ་ལ་སོགས་རེད།
     ལོ་17ལ་སླེབས་སྐབས་ཚེ་རིང་བཀྲ་ཤིས་ཀྱིས་ཐེངས་དང་པོར་ཁེར་རྐྱང་དུ་རྔོན་བརྒྱབ་པ་རེད།
     དེ་དུས་གྲང་ཟུག་ལྷག་པར་ཆེ་བའི་དགུན་དུས་ཡིན་ཞིང་། ཁོང་གིས་ཕྱུ་པ་མཐུག་པོ་ཞིག་གྱོན་ཏེ་རང་ཁྱིམ་གྱི་འབྲོག་རར་ལུག་འཚོ་བཞིན་ཡོད། གློ་བུར་དུ་ཁ་བས་བཀླུབས་པའི་ས་སྟེང་དུ་གཙོད་ཀྱི་རྨིག་རྗེས་ཡོད་པ་མཐོང་འཕྲལ་ཁོང་གིས་ཞྭ་མོ་ཕུད་དེ་རྨིག་རྗེས་དེད་ནས་ནགས་གསེབ་ཏུ་བསྐྱོད། དེ་ལྟར་ཁ་བས་ཡོངས་སུ་དཀར་པོར་གྱུར་པའི་ནགས་གསེབ་ཏུ་སྤྱི་ལེ་གཅིག་ལ་ཉེ་བ་བསྐྱོད་མཐར་ལྕང་སྡོང་ཞིག་གི་འོག་ཏུ་རི་དྭགས་ཤིག་ཡོད་པ་མཐོང་།
     དེ་མུར་མེ་མདའ་བཀྱགས་ཏེ་མདེའུ་བླུགས་པ་དང་ཆབས་ཅིག་རི་དྭགས་ལ་ལྡིར་ཞིང་། མེ་མདའི་སྐད་སྒྲ་གྲགས་པ་དང་བསྟུན་ནས་རི་དྭགས་ཀྱང་ས་སྟེང་དུ་འགྱེལ།
     རྒྱུན་དུ་རི་དྭགས་ཀྱི་པགས་པས་གྱོན་གོས་བཟོ་བ་དང་དེའི་ཤ་རུས་ཟས་སུ་བསྟེན་གྱི་ཡོད།
     རྔོན་པའི་འཚོ་བ་ཧ་ཅང་དཀའ་ཚེགས་ཆེ་ཞིང་། རྒྱུན་དུ་རི་དྭགས་ཀྱིས་ཚུར་རྒོལ་བྱེད་པར་དོགས་ཟོན་ཆེར་སྐྱེད་བྱེད་དགོས་ཀྱི་ཡོད་ལ། ད་དུང་ཉིན་གཅིག་ལ་རི་དྭགས་གཅིག་ཀྱང་རྔོན་མི་ཐུབ་པའི་གནས་ཚུལ་ཡང་མང་པོ་ཐོན་གྱི་ཡོད། སྐབས་རེ་གངས་ཆར་ལ་མ་འཛེམས་པར་ལ་བརྒྱབ་ཀླུང་བརྒལ་གྱིས་རི་དྭགས་རྔོན་པར་བསྐྱོད་རུང་མཐའ་མཇུག་མེ་མདར་སྐྱོན་ཤོར་ནས་རི་དྭགས་ག་ཚོད་མང་རུང་མིག་གི་ལོངས་སྤྱོད་ཙམ་ལས་ལག་ཡོང་ཅི་ཡང་མེད།
     རྔོན་རྒྱག་ཐེངས་མང་དྲགས་སྟབས་རི་དྭགས་ཀྱིས་ང་ཚོ་མཐོང་མ་ཐག་ཞེད་ཐག་ཆོད་ནས་བྲོས་འགྲོ་ཡི་འདུག་ཅེས་ཚེ་རིང་བཀྲ་ཤིས་ཀྱིས་དྲན་གསོ་བྱེད་བཞིན་བཤད།
     དུས་རབས་20པའི་དུས་མཇུག་ནས་བཟུང་། ཀྲུང་གོའི་འབྲེལ་ཡོད་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་དེ་བཞིན་རྔོན་མདར་སྔར་བས་དོ་དམ་དང་ཚོད་འཛིན་ནན་པོ་བྱས་པ་དང་བསྟུན་ནས། རྔོན་པ་ཚོའང་ནགས་གསེབ་ནས་ཞིང་ཁ་དང་འབྲོག་རར་ལོག་སྟེ་རིམ་བཞིན་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་འཚོ་ཐབས་བྱེད་བཞིན་ཡོད།
     ཚེ་རིང་བཀྲ་ཤིས་ཀྱང་ས་མ་འབྲོག་གི་འཚོ་བ་སྐྱེལ་འགོ་ཚུགས་པ་མ་ཟད། ཁོང་ལ་ད་དུང“རི་དྭགས”གསར་པ་ཞིག་རྙེད།
     2013ལོར་ཚེ་རིང་བཀྲ་ཤིས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བདམས་ལ། དུས་དེ་ནས་བཟུང་། “དབུལ་པོ”ཞེས་པའང་ཁོང་གི་སེམས་གཏིང་དུ་ཟུག
     སྔོན་ཆད་བྲག་སྒམ་ནང་གྲོང་ཚོར་གུ་དོག་པའི་རྐང་ལམ་ཕྲ་མོ་ཞིག་ལས་མེད་སྟབས་རླངས་འཁོར་སྐྱོད་ཐབས་མེད་ལ། གྲོང་མི་ཚོ་ཐོག་དཔངས་དམའ་ལ་ཡུན་རིང་ཉམས་བཟོ་བྱས་མེད་པའི་བོད་ཁང་ཐབ་ཆག་ཏུ་སྡོད་པ་དང་། ཞིང་འབྲོག་ལས་ལ་ཡོང་འབབ་དམའ་རུང་སྔར་བཞིན་ཡུལ་མི་ཚོས་གཙོ་བརྟེན་ཐོན་ལས་སུ་བྱེད་ཀྱི་ཡོད།
     ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཡུལ་དེ་དབུལ་སྒྲོལ་བྱེད་པའི་བྱེད་ཐབས་གཙོ་བའི་གྲས་ཤིག་རེད། གང་ལགས་ཤེ་ན། བོད་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་བྲག་སྒམ་ནང་དུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ད་དུང་རྨོ་བསྐྱུར་ནགས་བཟོ་སོགས་ཀྱི་སྲིད་ཇུས་ཟམ་མི་ཆད་པར་ལག་ལེན་བསྟར་བས་སྣོད་བཅུད་ཁོར་ཡུག་ཀྱང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་དང་འགྲོ་མུས་རེད།
     དེས་ན་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྡོད་ཁང་དང་འགྲོ་ལམ་ཉམས་བཟོ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ཞིང་། ཚང་མའི་འབད་བརྩོན་འོག་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་བསྐྲུན་ནས་གྲོང་ཚོ་དང་ཕྱི་རོལ་གྱི་འཇིག་རྟེན་ལྷན་དུ་སྦྲེལ་ལ། བོད་ཁྱིམ་སྤྲོ་ཁང་རེ་རེ་བཞིན་ཆར་རྗེས་ཀྱི་ཤ་མོ་ལྟར་སྐྲུན་པ་དང་། གྲོང་ཚོར་ཡང་ཐོག་སོ་ཉིས་གསུམ་ཅན་གྱི་ཁང་པས་ཁེངས་ཡོད།
     ཡུལ་སྐོར་བ་མང་བའི་དུས་ཚིགས་འཆར་རིམ་བཞིན་ཡུལ་སྐོར་བ་མང་པོ་དེ་གར་བོད་ཀྱི་གོམས་སྲོལ་ཉམས་ལེན་བྱེད་པར་ཡོང་གི་ཡོད་པས་བྲག་སྒམ་ནང་གྲོང་ཚོའང་འཁྲུག་ཆ་དོད་དུ་སོང་ཡོད།
     “རྔོན་རྒྱག་པ་དང་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པ་གང་ཞིག་ཡིན་རུང་ཚང་མར་དམིགས་ཚད་དང་། ངང་རྒྱུད་རིང་པོ་བློ་སྟོབས་བཅས་དགོས་ཀྱི་ཡོད”ཅེས་ཚེ་རིང་བཀྲ་ཤིས་ཀྱིས་བཤད།
     གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔའི་བར་བྲག་སྒམ་ནང་གྲོང་ཚོའི་མང་ཚོགས་ཀྱི་རང་བརྟེན་གཉེར་སྐྱོང་བྱེད་པོ་2013ལོའི་དུད་ཚང་10ནས་ད་ཆའི་དུད་ཚང་146བར་འཕར་བ་དང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2013ལོའི་སྒོར་5100ནས་2019ལོའི་སྒོར་11000བར་འཕར་ཡོད། 2019ལོར་གྲོང་ཚོ་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་138ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་8ཟིན་ཡོད།
     སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག གཉན་དང་ཤྭ་བ་ཁྲ་རིས་སོགས་རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་དུ་ཕྱིན་ནས་གྲོང་ཚོ་དང་སྲང་ལམ་ཁག་ཏུ་གནས་བཟོད་བདེ་པོས་བསྡད་རུང་རྔོན་མདའི་སྒྲ་ཡེ་ནས་ཐོས་རྒྱུ་མེད།
     ད་ཆ་སྔར་སོང་གི་རྔོན་པ་དང་རི་དྭགས་ཁོར་ཡུག་གཅིག་ནང་ཞི་མཐུན་མཉམ་གནས་ངང་འཚོ་གནས་བྱེད་ཅིང་། རྔོན་པས་རྔོན་མདའ་སྤྱོད་མཚམས་བཞག་རྗེས་ཀྱི་ད་ཆ་རི་དྭགས་རྣམས་ཡུལ་ལྗོངས་གཞན་ཞིག་ཏུ་གྱུར།
     ཟླ་11པར་ཀན་སུའུ་ཡི་རྫོང་དབུལ་པོ་75ཚང་མ་རྫོང་དབུལ་པོའི་མིང་གྲལ་ནས་དོན་ཐུབ་པ་དང་ཚེ་རིང་བཀྲ་ཤིས་གནས་སའི་ཐེ་བོ་རྫོང་ཡང་2018ལོར་དབུལ་སྒྲོལ་ཐུབ་ཡོད།