འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་30ཉིན།

༄༅༎ཕྱོགས་བསྡུས་གསར་འགྱུར། ཕྱོགས་མང་པོས་དབྱི་རན་གྱི་ཉིང་རྡུལ་མཁས་ཅན་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་30ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་དབྱི་རན་གྱི་མཐོ་རིམ་ཉིང་རྡུལ་དངོས་ཁམས་རིག་པའི་རིགས་གཅིག་མཁས་ཅན་མུའུ་ཧོ་ཤིན་ཧྥ་ཧོ་ལི་ཀྲ་ཏེ་རྒྱལ་ས་ཐེ་ཧེ་རན་གྱི་ཉེ་འགྲམ་དུ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་རེད། ཡོ་རོབ་མནའ་འབྲེལ་དང་རྒྱལ་ཁབ་མང་པོས་ཚེས་28ཉིན་འཇབ་རྒོལ་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་འབྲེལ། འབྲེལ་ཡོད་ཕྱོགས་ཁག་གིས་བཟོད་སྒོམ་བྱས་ཏེ་ས་ཁུལ་གྱི་དུས་བབ་སྔར་ལས་ཛ་དྲག་ཡོང་བ་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད།
     ཡོ་རོབ་མནའ་འབྲེལ་གྱིས་གསལ་བསྒྲགས་སྤེལ་ནས་ཚེས་27ཉིན་བྱུང་བའི་གཏུམ་སྤྱོད་འཇབ་རྒོལ་ནི“ཉེས་གསོག་བྱ་སྤྱོད”ཅིག་རེད། “གནས་ཚུལ་གསལ་པོ་མེད་པའི་སྐབས་སུ། ཆེས་གལ་ཆེ་བ་ནི་ཕྱོགས་སོ་སོས་བབ་བརླིང་དང་བཟོད་སྒོམ་ཆེ་ཤོས་རྒྱུན་འཁྱོངས་བྱས་ནས་མི་ཚང་མའི་ཁེ་ཕན་དང་མི་མཐུན་པའི་དུས་བབ་ཐོན་རྒྱུ་སྔོན་འགོག་བྱེད་དགོས”ཞེས་བརྗོད།
     འཇར་མན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཞིག་གིས་སྨྱན་སྦྱོར་ལ་འཇར་མན་ཕྱོགས་ཀྱིས་ད་ཐེངས་ཀྱི་དོན་རྐྱེན་དེས་ས་ཁུལ་གྱི་དུས་བབ་རིམ་སྤོར་ཡོང་བར་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་བསྟན།
     ཐུར་ཁེའི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས་ཧྥ་ཧོ་ལི་ཀྲ་ཏེ་ལ་དམིགས་པའི་འཇབ་རྒོལ་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་རེད། གསལ་བསྒྲགས་ནང་ཐུར་ཁེས་ས་ཁུལ་གྱི་ཞི་བདེ་གཏོར་བཤིག་གཏོང་བའི་རེ་ངན་དང་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཀོད་ཡོད། གསལ་བསྒྲགས་ནང་ཐེངས་འདིའི་དོན་རྐྱེན་གྱི་འགན་འཁྲི་འཁུར་མཁན་ཕྱོགས་ཚང་མར་ཆད་པ་ནན་མོ་གཅོད་དགོས་པ་དང་ཕྱོགས་ཁག་གིས་ས་ཁུལ་གྱི་དུས་བབ་རིམ་སྤོར་གཏོང་སྲིད་པའི་བྱ་སྤྱོད་སྤེལ་མི་རུང་ཞེས་བཀོད་ཡོད།
     སི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་སའར་མའེ་ཁེ་ཏ་ཏེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་གཏོང་དགོས་ཞེས་བརྗོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་བྱས་པ་རེད།
     ལེ་པ་ནོན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལི་པ་ནེན་ཀྲིན་ཀྲུའུ་ཏང་གིས་གསལ་བསྒྲགས་སྤེལ་ནས་ཧྥ་ཧོ་ལི་ཀྲ་ཏེ་རྐྱེན་ལམ་དུ་ཤོར་བའི“འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད”ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། “དབྱི་རན་དང་དེའི་མི་དམངས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད། 
      ཧྥ་ཧོ་ལི་ཀྲ་ཏི་ནི་དབྱི་རན་རྒྱལ་སྲུང་པུའུ་ཡི་ཉིང་རྡུལ་འཆར་གཞིའི་འགན་ཁུར་བ་ཡིན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་2018ལོར་དབྱི་རན་གྱི་ཉིང་རྡུལ་འཆར་གཞིའི་སྐོར་གླེང་སྐབས་ཧྥ་ཧོ་ལི་ཀྲ་ཏེའི“མིང་བཏོན་པ་”རེད། དབྱི་རན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་ཧོ་ལི་ཀྲ་ཏེ་བསྡད་པའི་རླངས་འཁོར་ཚེས་27ཉིན་གྱི་ཕྱི་དྲོར་ཐེ་ཧེ་རན་བྱང་ཤར་གྱི་སྤྱི་ལེ་60མཚམས་ཀྱི་ཨ་པུའུ་ཧྲ་ཏེ་གྲོང་ཚོའི་སྲང་ལམ་ཞིག་ཏུ་སྐྱོད་སྐབས་འབར་གས་བྱུང་ཞིང་། དེ་རྗེས་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་མང་པོ་རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར་རྩ་འཛུགས་སམ་མི་སྒེར་གང་རུང་གིས་འཇབ་རྒོལ་བྱས་པ་ཁྱབ་བསྒྲགས་བྱས་མེད།
     དབྱི་རན་གྱི་སྲིད་འཛིན་ལུའུ་ཧ་ཉི་ཡིས་ཚེས་28ཉིན་བསྟན་དོན། ད་ཐེངས་ཀྱི་འཇིགས་སྐུལ་འཇབ་རྒོལ་ནི་དགྲ་བོས་དབྱི་རན་གྱི་ཚན་རིག་ཡར་རྒྱས་ལ་ཁ་གཏད་བྱེད་ཐབས་བྲལ་བ་དང་ཆབ་སྲིད་སོགས་ཀྱི་ཁྱབ་ཁོངས་སུ་བསྟུད་མར་ཕམ་ཉེས་བྱུང་བའི་འབྲས་བུ་ཞིག་ཡིན་པས་འཇབ་རྒོལ་ལས་ཁོ་ཚོའི་གདུག་རྩུབ་དང་དགྲར་འཛིན་གྱི་བསམ་པ་དམར་རྗེན་དུ་མངོན་ཡོད། ཉིན་དེར་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱིས་འཇིགས་སྐུལ་གྱི་ཉེས་སྤྱོད་བཟོ་མཁན་ལ་ཆད་པ་གཅོད་དགོས་ཞེས་བཤད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་དབྱི་རན་གྱི་སྐུ་ཚབ་མ་ཅི་ཏེ་ཐ་ཧོ་ཐེ་ལ་ཝན་ཞིས་ཚེས་27ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་བ་དེའི་རེས་སྐོར་ཀྲུའུ་ཞིར་འཕྲིན་ཡིག་སྤྲིངས་ནས་ད་ཐེངས་ཀྱི་ལྐོག་གསོད་བྱ་སྤྱོད་ལ“དབྱི་སི་རལ་གྱི་འགན་འཁྲིའི་རྟགས་མཚོན་མངོན་གསལ་དོད་པོ”ཡོད་ཅེས་བཤད་པ་རེད། ཉེ་བའི་ལོ་བཅུའི་རིང་དབྱི་རན་གྱི་ཚན་རིག་པ་རྩེ་གྲ་མང་པོར་ལྐོག་གསོད་ཐེབས་པ་རེད།
     དབྱི་སི་རལ་གྱི་ནང་བློན་ཁང་གི་ཁོངས་མི་ཁྲ་ཞི་ཧ་ནེ་ཀེ་པི་ཡིས་ཚེས་28ཉིན་དབྱི་སི་རལ་གྱི་སྨྱན་སྦྱོར་ལ་ཧྥ་ཧོ་ལི་ཀྲ་ཏེ་ལ་དམིགས་པའི་འཇབ་རྒོལ་སུ་ཞིག་གིས་བཟོས་པ་ཁོང་གིས་གསལ་བོ་མི་ཤེས་ཞེས་བརྗོད་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་། http://tibet.people.com.cn/15831215.html)