འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་30ཉིན།

༄༅༎སི་ཁྲོན་ལྕགས་ཟམ་ཁ་རྫོང་དུ་རྒྱལ་མོ་རྔུལ་ཆུར་ལྷུངས་བའི་བུད་མེད་གཅིག་མི་མང་པོས་མཉམ་དུ་སྐྱོབ་རོགས་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་30ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
མི་སྐྱོབ་པའི་ཡུལ་དངོས།
མི་སྐྱོབ་པའི་ཡུལ་དངོས།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན་གྱི་ཕྱི་དྲོ། སི་ཁྲོན་དཀར་མཛེས་ཁུལ་ལྕགས་ཟམ་ཁ་རྫོང་གི་གྲོང་ལྷོ་ཟམ་ཆེན་དུ། རླངས་འཁོར་གཏོང་བཞིན་པའི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཝང་ཞིན་གྱིས་མི་ཞིག་ཆུར་ལྷུངས་བ་གོ་རྗེས་འཕྲལ་དུ་སྟོད་ཐུང་ཕུད་ནས། གྲང་ངར་ཆེ་བའི་རྒྱལ་མོ་རྔུལ་ཆུ་རུ་མཆོངས་ཏེ་སྲོག་ཉེན་ལ་མ་འཛེམ་པར་སྲོག་སྐྱོབ་མཁན་གཞན་ཞིག་སྟེ་དབྱང་པིན་གྱིས་རོགས་རམ་དང་གཞོགས་འདེགས་འོག་ཆུར་ལྷུངས་བའི་བུད་མེད་འདི་ཆུའི་ནང་ནས་ཡར་བླངས། མཐར་མི་མང་པོའི་རོགས་རམ་འོག་ཆུར་ལྷུངས་བའི་བུད་མེད་འདི་བསྐྱབས་པ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། ཆུར་ལྷུངས་བའི་བུད་མེད་བསྐྱབས་རྗེས་མྱུར་དུ་ལྕགས་ཟམ་ཁ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་ལ། སྨན་ཁང་དེའི་འཕྲལ་བཅོས་ཚན་ཁག་གི་སྨན་དོན་མི་སྣས་ཁོ་མོར་བརྟག་དཔྱད་བྱས་རྗེས་ཁམས་བདེ་ཡོད་པ་གཏན་འཁེལ་བྱས་པ་རེད། མིག་སྔར་བུད་མེད་དེ་ཁྱིམ་དུ་ལོག་ཚར་ཡོད།
     “ངས་ཆུ་རགས་ལ་རེག་ནས་གོམ་པ་རིམ་བགྲོད་ཀྱིས་ཕྱིན་པ་ཡིན”ཞེས་ཝང་ཞིན་གྱིས་བཤད་པ་དང་། ཁོང་གིས་ཆུ་རྐྱལ་རྒྱག་ཤེས་མོད། འོན་ཀྱང་དགུན་དུས་རྒྱལ་མོ་རྔུལ་ཆུ་ནང་མཆོངས་པ་ནི་ཐེངས་དང་པོ་ཡིན། “ཆུ་ནི་གྲང་ངར་ཤིན་ཏུ་ཆེ་བས་ཆུ་ནང་དུ་འཛུལ་རྗེས་འདར་སིག་བརྒྱབ་ལ། རྐང་འོག་བརྟན་པོ་མི་ཡོང་བར་སེམས་ཁྲལ་ཆེན་པོ་བྱུང”ཞེས་ཁོང་གིས་བརྗོད། བརྙན་ལམ་བརྒྱུད། གསར་འགོད་པས་ཝང་ཞིན་གྱིས་ཆུ་ནང་ནས་ཆུར་ལྷུངས་བའི་བུད་མེད་ཕྱོགས་སུ་སྐྱོད་སྐབས། ཆུ་བོ་ཁོང་གི་རྐེད་པ་དང་ཐ་ན་རྐེད་པ་ཡན་དུ་བསྣུབས་ཡོད་པ་མཐོང་། ཝང་ཞིན་དང་སྲོག་སྐྱོབ་མཁན་དབྱང་པིན་གཉིས་ཀྱིས་ཆུར་ལྷུངས་བའི་བུད་མེད་དེ་ཆུའི་ནང་ནས་འགྲམ་ངོགས་སུ་པང་ཡོང་བའི་བརྒྱུད་རིམ་ཁྲོད། ཝང་ཞིན་ཡང་ནས་ཡང་དུ་ཆུ་ནང་དུ་འདྲེད་བརྡར་ཤོར་ནས་ཆུ་བོ་སྐད་ཅིག་ཉིད་དུ་ཁོང་གི་བྲང་ཁར་སླེབས་སོང་། དེ་འདྲ་ཡིན་ནའང་། ཝང་ཞིན་གྱི་ལག་པ་གཅིག་གིས་སྔར་བཞིན་བརྟན་པོའི་ངང་ཆུར་ལྷུངས་བའི་བུད་མེད་འདེགས་ནས་ཤུགས་ཡོད་ཚད་སྤྱད་དེ་ཆུ་འགྲམ་གྱི་ཕྱོགས་སུ་སྐྱོད་པ་རེད། དབྱང་པིན་གྱིས་བཤད་པ་ལྟར་ན། བུད་མེད་དེ་ཆུ་འགྲམ་དུ་བསྐྱལ་མ་ཚར་བར་ཆུ་འགྲམ་དུ་སླེབས་ལ་ཉེ་བའི་སྐབས་སུ། ཝང་ཞིན་ལ་ལུས་སྟོབས་ཞན་པའི་གནས་ཚུལ་བྱུང་། ཝང་ཞིན་དང་དབྱང་པིན་གཉིས་སྔར་ནས་ངོ་མི་ཤེས། ཁོང་གཉིས་ཀྱིས་ཆུར་ལྷུངས་བའི་བུད་མེད་དེ་བསྐྱབས་རྗེས་རང་སོ་སོའི་ཁྱིམ་དུ་ལོག་སོང་བ་རེད།
     བསམ་ཡུལ་ལས་འདས་པ་ཞིག་ནི། ཝང་ཞིན་དང་དབྱང་པིན་གཉིས་ཀྱིས་བུད་མེད་དེ་སྐྱོབ་མ་ཐུབ་གོང་ད་དུང་མི་གཉིས་སྔོན་ལ་རྒྱལ་མོ་དངུལ་ཆུའི་འགྲམ་དུ་མི་སྐྱོབ་པར་ཡོང་ཡོད་ཅིང་། མི་འདི་གཉིས་ནི་ཁྲེན་ཆིན་སུང་དང་ཀྲེང་ཡིའུ་ཅུན་རེད། ཁྲེན་ཆིན་སུང་གིས་ལྕགས་ཟམ་ཁ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱི་བདེ་འཇགས་ཐོན་སྐྱེད་དང་འགྲིམ་འགྲུལ་ཁྲིམས་འཛིན་རུ་ཆེན་དུ་ལས་ཀ་བྱེད་བཞིན་ཡོད། ཀྲེང་ཡིའུ་ཅུན་གྱིས་ལྕགས་ཟམ་ཁ་རྫོང་འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་སུ་རྩག་རྩིག་ཚོང་ཁང་ཞིག་གཉེར་ཡོད།
     ཤེས་རྟོགས་བྱུང་བ་ལྟར་ན། ཁོ་གཉིས་ཀས་ཆུ་རྐྱལ་མི་ཤེས་པ་རེད། མི་ཞིག་ཆུར་ལྷུངས་བ་ཤེས་རྗེས། ཁོ་གཉིས་སྔོན་ལ་ཆུ་འགྲམ་དུ་སླེབས། སྐབས་དེར་ཆུ་བོས་ལྡིང་སྐོར་རྒྱག་ནས་ཆུར་ལྷུང་མཁན་ཆུ་འགྲམ་དུ་སྐྱེལ་ཡོང་བའི་ངེས་པ་ཡོད་པས། ཁོ་གཉིས་ཀྱིས་མྱུར་དུ་དབྱུག་པ་ཞིག་བཙལ་ནས་ཐབས་འདི་ལ་བརྟེན་ནས་ཆུར་ལྷུང་མཁན་བསྐྱབས་བསམ་པ་རེད། འོན་ཀྱང་ཆུར་ལྷུངས་བའི་བུད་མེད་དེ་ཁོང་གཉིས་ཡོད་སར་སླེབས་ལ་ཉེ་སྐབས་ཆུ་བོས་སླར་ཡང་ཁོ་མོ་ཁྱེར་སོང་བ་རེད། སྐབས་དེར་ཝང་ཞིན་དང་དབྱང་པིན་གཅིག་རྗེས་གཉིས་མཐུད་ངང་རྒྱལ་མོ་རྔུལ་ཆུར་མཆོངས་ནས་བུད་མེད་དེ་བསྐྱབས་ཐུབ་བྱུང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མི་སྐྱོབ་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཀྲེང་ཡིའུ་ཅུན་གྱིས་ཁྱེར་ཡོང་བའི་སྐས་དེས་ཕན་པ་ཆེན་པོ་ཐོན་ཡོད། དེ་ནི་ཆུ་འགྲམ་དང་ཆུ་རགས་བར་གྱི་ཧེ་བག་ཅུང་ཆེ་བས། གལ་ཏེ་སྐས་འདི་མེད་ན་མི་རྣམས་མགྱོགས་མྱུར་ངང་ཆུ་འགྲམ་དུ་ཡོང་ནས་ཆུར་ལྷུང་མཁན་སྐྱོབ་ཐུབ་མི་སྲིད་པས་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་། http://tibet.people.com.cn/15831200.html)  
མི་སྐྱོབ་པའི་ཡུལ་དངོས།
མི་སྐྱོབ་པའི་ཡུལ་དངོས།