མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས“འབད་འཐབ་པ”རྟགས་ཅན་གྱི་མཚོ་གཏིང་མི་བཞུགས་ཆུར་འཛུལ་ཡོ་བྱད་ཀྱིས་སྨི་ཁྲིའི་མཚོ་གཏིང་ཚོད་ལྟ་
ལེགས་གྲུབ་བྱས་པ་དང་འབྲེལ་རྒྱལ་ཁའི་ངང་ཕྱིར་ལོག་བྱས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་30ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

                                                                                 རྟེན་འབྲེལ་འཕྲིན་ཡིག
     “འབད་འཐབ་པ”རྟགས་ཅན་མཚོ་གཏིང་མི་བཞུགས་ཆུར་འཛུལ་ཡོ་བྱད་ཀྱིས་སྨི་ཁྲིའི་མཚོ་གཏིང་ཚོད་ལྟ་ལེགས་གྲུབ་བྱས་པ་དང་འབྲེལ་རྒྱལ་ཁའི་ངང་ཕྱིར་ལོག་བྱས་པའི་མཚམས་སུ། ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། མཚོ་གཏིང་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་མཚོ་གཏིང་གཡང་གཟར་ཚན་རིག་ཞིབ་འཇུག་གི་ཚན་ཞིབ་ལས་དོན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
     “འབད་འཐབ་པ”རྟགས་ཅན་ཞིབ་བཟོ་དང་མཚོ་གཏིང་ཚོད་ལྟ་ལེགས་གྲུབ་བྱུང་བ་དེ་ཐོག་ནས། རང་རྒྱལ་ལ་འཛམ་གླིང་གི་གཏིང་ཟབ་ཤོས་ཀྱི་རྒྱ་མཚོར་བསྐྱོད་ནས། ཚན་རིག་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པའི་ནུས་པ་ལྡན་པ་མཚོན་པ་དང་། རྒྱ་མཚོའི་ལག་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་མཚོན་ཡོད། “ཀླུ་མོ་རྟགས་ཅན”དང“མཚོ་གཏིང་དཔའ་བརྟུལ”རྟགས་ཅན་ནས་ད་ལྟའི“འབད་འཐབ་པ”རྟགས་ཅན་བར། ཁྱེད་ཚོས་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་རང་སྟོབས་རང་སྤེལ་གྱི་བློ་སྟོབས་ལ་བརྟེན་ནས། “གཟབ་ནན་བདེན་འཚོལ་དང་། མཐུན་སྒྲིལ་རོགས་ལས། འབད་འཐབ་ལེགས་སྐྱེས། ཡང་རྩེར་འཛེགས་ཕོད་པ”བཅས་ཀྱི་ཀྲུང་གོའི་མི་བཞུགས་ཆུར་འཛུལ་གྱི་སྙིང་སྟོབས་ལག་ལེན་བསྟར་ནས་ཚན་རྩལ་གསར་གཏོད་ལ་མིག་དཔེ་བསྟན་ཡོད། ཁྱེད་ཚོས་ཚན་རིག་གི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། མཚོ་གཏིང་ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པ་བྱས་ནས་རྒྱ་མཚོའི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་པ་དང་། མིའི་རིགས་ཀྱིས་རྒྱ་མཚོ་ཤེས་རྟོགས་དང་། སྲུང་སྐྱོང་། གསར་སྤེལ་བཅས་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་རྒྱུན་ཆད་མེད་པར་འབུལ་རྒྱུའི་རེ་བ་ཡོད།
                                                                                                                                                                             ཞི་ཅིན་ཕིང་།
                                                                                                                                                                  2020
ལོའི་ཟླ་11ཚེས་28ཉིན།

     ཤིན་ཧྭ་གསར་འགྱུར་ཁང་སན་ཡ་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། “འབད་འཐབ་པ”རྟགས་ཅན་གྱི་མཚོ་གཏིང་མི་བཞུགས་ཆུར་འཛུལ་ཡོ་བྱད་ཀྱིས་སྨི་ཁྲིའི་མཚོ་གཏིང་ཚོད་ལྟ་ལེགས་གྲུབ་བྱས་པ་དང་འབྲེལ་རྒྱལ་ཁའི་ངང་ཕྱིར་ལོག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། མཚོ་གཏིང་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་མཚོ་གཏིང་གཡང་གཟར་ཚན་རིག་ཞིབ་འཇུག་གི་ཚན་ཞིབ་ལས་དོན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།
     རྟེན་འབྲེལ་འཕྲིན་ཡིག་ནང་ཞི་ཅིན་ཕིང་གིས། “འབད་འཐབ་པ”རྟགས་ཅན་ཞིབ་བཟོ་དང་མཚོ་གཏིང་ཚོད་ལྟ་ལེགས་གྲུབ་བྱུང་བ་དེ་ཐོག་ནས། རང་རྒྱལ་ལ་འཛམ་གླིང་གི་གཏིང་ཟབ་ཤོས་ཀྱི་རྒྱ་མཚོར་་བསྐྱོད་དེ་ཚན་རིག་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པའི་ནུས་པ་ལྡན་པ་དང་། རྒྱ་མཚོའི་ལག་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་མཚོན་ཡོད། “ཀླུ་མོ་རྟགས་ཅན”དང“མཚོ་གཏིང་དཔའ་བརྟུལ”རྟགས་ཅན་ནས་ད་ལྟའི“འབད་འཐབ་པ”རྟགས་ཅན་བར། ཁྱེད་ཚོས་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་རང་སྟོབས་རང་སྤེལ་གྱི་བློ་སྟོབས་ལ་བརྟེན་ནས། “གཟབ་ནན་བདེན་འཚོལ་དང་། མཐུན་སྒྲིལ་རོགས་ལས། འབད་འཐབ་ལེགས་སྐྱེས། ཡང་རྩེར་འཛེགས་ཕོད་པ”བཅས་ཀྱི་ཀྲུང་གོའི་མི་བཞུགས་ཆུར་འཛུལ་གྱི་སྙིང་སྟོབས་ལག་ལེན་བསྟར་ནས་ཚན་རྩལ་གསར་གཏོད་ལ་མིག་དཔེ་བསྟན་ཡོད་ཅེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གིས། མཚོ་གཏིང་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་མཚོ་གཏིང་གཡང་གཟར་ཚན་རིག་ཞིབ་འཇུག་གི་ཚན་ཞིབ་ལས་དོན་པ་ཡོངས་ཀྱིས་མུ་མཐུད་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཚོ་གཏིང་ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པ་བྱས་ཏེ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་པ་དང་། མིའི་རིགས་ཀྱིས་རྒྱ་མཚོ་ཤེས་རྟོགས་དང་། སྲུང་སྐྱོང་། གསར་སྤེལ་བཅས་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་རྒྱུན་ཆད་མེད་པར་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
     ཚེས་28ཉིན་འཚོགས་པའི“འབད་འཐབ་པ”རྟགས་ཅན་མཚོ་གཏིང་ཚོད་ལྟ་བྱས་ནས་ཕྱིར་ལོག་བྱས་པར་དགའ་བསུ་ཞུ་བའི་བྱེད་སྒོའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོས། བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དང་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ནས། མཚོ་གཏིང་ཚན་རྩལ་ལས་དོན་ལེགས་པར་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་དང་བླང་བྱ་བཏོན་ཡོད་པས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། “འབད་འཐབ་པ”རྟགས་ཅན་ཞིབ་བཟོ་བྱེད་རིང་། ཕྱོགས་ཁག་གི་ཚན་ཞིབ་སྟོབས་ཤུགས་སྐོང་འཐེན་དང་སྤྱི་འདོམས་གང་ལེགས་བྱས་ཏེ། འགག་རྩའི་ལག་རྩལ་མང་པོ་ཞིག་གྲུབ་འབྲས་ཐོན་པའི་ངང་འགག་སྒྲོལ་ཐུབ་པ་བྱས་ཡོད། འདི་ནི་རང་རྒྱལ་གྱི་མཚོ་གཏིང་ཚན་རྩལ་འཚོལ་ཞིབ་ལམ་བུའི་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་། ཀྲུང་གོའི་མི་བཞུགས་ཆུར་འཛུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཐོན་སློབ་ཞིབ་གསུམ་མཉམ་དུ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་ཞིབ་གྲུབ་འབྲས་བེད་སྤྱོད་གཞན་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ནས། ལྟེ་བའི་ལག་རྩལ་དེ་བས་མང་པོ་འགག་སྒྲོལ་དང་རྒྱུན་མཐུད་རིམ་འཇུག་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ། ཚན་རྩལ་པུས་ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་གྲུ་གཟིངས་ཚོགས་པ་དང་མཉམ་དུ་ཚན་རིག་ཞིབ་འཇུག་ཁང་དང་སུའོ་དང་། མཐོ་སློབ། ཁེ་ལས་བཅས་བརྒྱ་ཙམ་གྱི་ཚན་ཞིབ་མི་སྣ་ཆིག་སྟོང་ཙམ་སྒྲིག་འཛུགས་བྱས་ནས་། དཀའ་སྤྱད་འགག་སྒྲོལ་བྱས་པ་བརྒྱུད“འབད་འཐབ་པ”རྟགས་ཅན་ཞིབ་བཟོའི་ལས་དོན་ལེགས་གྲུབ་བྱུང་ཡོད། 2020ལོའི་ཟླ་10ཚེས་10ཉིན་ནས་བཟུང་། “འབད་འཐབ་པ”རྟགས་ཅན་མ་ལི་ཡ་ན་མཚོ་རོང་དུ་བསྐྱོད་དེ་སྨི་ཁྲིའི་མཚོ་གཏིང་ཚོད་ལྟ་ཐེངས་13བྱས་པ་དང་། དེའི་ནང་ཐེངས་8སྨི་ཁྲི་ལས་བརྒལ་ཡོད། ཟླ་11ཚེས་10ཉིན་གྱི་ཆུ་ཚོད་8དང་སྐར་མ་12ལ“འབད་འཐབ་པ”རྟགས་ཅན་གྱིས་སྨི་10909ཟིན་པའི་ཀྲུང་གོའི་མི་བཞུགས་ཆུར་འཛུལ་གྱི་ཟིན་ཐོ་གསར་པ་བཏོད་པ་ལས། མཚོ་གཏིང་མི་བཞུགས་ཆུར་འཛུལ་ཁྱབ་ཁོངས་སུ་རང་རྒྱལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད་པ་རེད།

  
style="display:none;"