འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་30ཉིན།

༄༅༎ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་སྐབས་33པ་སྤྲོད་པའི་མཛད་སྒོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་30ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཞ་མོན་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་དགོང་མོར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་གློག་བརྙན་མཁས་ཅན་མཐུན་ཚོགས། ཞ་མོན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་སྐབས་33པ་སྤྲོད་པའི་མཛད་སྒོ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འཚོགས་ཏེ། སྒྲུང་གཏམ་གློག་བརྙན་ཡག་ཤོས་དང་། འཁྲབ་ཁྲིད་པ་ཡག་ཤོས། གཙོ་འཁྲབ་སྐྱེས་པ་ཡག་ཤོས། གཙོ་འཁྲབ་བུད་མེད་ཡག་ཤོས་སོགས་ཁྱོན་བྱ་དགའ་ཁག་20སྤྲད་པ་རེད།
     སྐབས་འདིའི་གསེར་བྱའི་བྱ་དགའི་བྱེད་སྒོ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དུས་ཚོད་རེའུ་མིག་གཏན་འཁེལ་བྱས་རྗེས་འཚོགས་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་རེད། འདི་ལོ་ནི་ལོ་གཅིག་དུས་གཅིག་གི་གསེར་བྱའི་བྱ་དགའ་དཔྱད་འདེམས་སླར་གསོ་བྱས་པའི་ལོ་དང་པོ་དང་ཡུན་རིང་ཞ་མོན་དུ་སྤེལ་བའི་འགོ་འཛུགས་ཀྱི་ལོ་ཡང་རེད། སྐབས་འདིའི་གསེར་བྱའི་བྱ་དགའི་དཔྱད་འདེམས་ལ་ཞུགས་པའི་གློག་བརྙན་ཁྱོན་155ཡོད། སྔོན་མ་དང་མི་འདྲ་བར་གཞོན་ནུའི་གློག་བརྙན་ལ་སྔར་བས་སྣང་ཆེན་བྱས་ཤིང་། དེ་དག་གི་གྲས་སུ་རང་རྒྱལ་གྱིས་འཁྲབ་བཟོ་བྱས་པའི་གློག་བརྙན་གསར་པའི་འགྲེམས་སྟོན་ཡོད་པ་མ་ཟད། ད་དུང་གཞོན་ནུ་འཁྲབ་ཁྲིད་པའི་གླེང་སྟེགས་དང་གཞོན་ནུའི་གློག་བརྙན་གྱི་ལས་གཏོད་མ་འཇོག་སོགས་ཀྱང་ཡོད་པས། གཞོན་ནུ་འཁྲབ་ཁྲིད་པར་རྣམ་གྲངས་སྟོན་པ་དང་། མ་དངུལ་འཚོལ་བ། མཉམ་ལས་བྱེད་པ་བཅས་ལ་ལས་སྟེགས་བཏོད་ཡོད།
     དུས་ཡུན་ཉིན་བཞིའི་གསེར་བྱའི་བྱ་དགའི་བྱེད་སྒོར། ཁྱོན་རྣམ་གྲངས་81གི་འཁྲབ་སྟོན་བྱེད་སྒོ་ཐེངས་568བྱས་པ་ལས། རིག་གནས་དམངས་ཕན་གྱི་འདུ་ཤེས་གང་ལེགས་མངོན་ཡོད། ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་སྐབས་34པ་སྤྲོད་པའི་མཛད་སྒོ་སང་ལོའི་ལོ་མཇུག་ཏུ་མུ་མཐུད་ཞ་མོན་དུ་འཚོག་རྒྱུ་རེད།