མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་26ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་24ཉིན་གྱི་དགོང་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་མཉམ་ལས་དེ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་གོ་ལ་ཧྲིལ་པོའི་རང་བཞིན་དང་འཐབ་ཇུས་རང་བཞིན་དེ་བས་ལྡན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས། འདི་ལོའི་ཟླ་9པར་ངས་ཁྱེད་དང་ཡོ་རོབ་མནའ་འབྲེལ་གྱི་ཀྲུའུ་ཞི་གཉིས་དང་བརྙན་ལམ་ནས་ཐུག་འཕྲད་བྱས་ཏེ་ཐུན་མོང་གི་ངོས་འཛིན་མི་ཉུང་བ་ཞིག་གཅིག་མཐུན་གྲུབ་ཡོད། མིག་སྔར་དེ་དག་ཚང་མ་དོན་འཁྱོལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་དུས་མཚམས་རྗེས་མའི་ཀྲུང་གོ་དང་ཡོ་རོབ་ཀྱི་གྲོས་རིམ་གལ་ཆེན་ཐད་མུ་མཐུད་འབྲེལ་མཐུད་དམ་ཟབ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་གྲོས་མོལ་དུས་བཀག་ལྟར་ལེགས་གྲུབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་། གནམ་གཤིས། གྲངས་གཞིའི་གླེང་མོལ་བཅས་ཀྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཡོ་རོབ་ཀྱི་ལྗང་མདོག་རོགས་ཟླ་དང་གྲངས་གཞིའི་རོགས་ཟླ་གཏོད་པ་བཅས་བྱས་ཏེ་དུས་བབ་གསར་པའི་འོག་གི་ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་འདོད་ཡོད་ཅེས་གསུངས་པ་རེད།
   མོ་ཁེར་གྱིས་དེང་གི་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་ཡོ་རོབ་ལ་རིམས་ནད་ཀྱི་རྡབ་རྡེག་ཐེངས་གཉིས་པ་འཕྲད་བཞིན་ཡོད། ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་སྔོན་ལ་སླར་གསོ་ཐུབ་པ་དེ་ནི་འཇར་མན་གྱི་ཁེ་ལས་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད། ཕྱོགས་གཉིས་པོས་རིམས་འགོག་སྨན་ཁབ་མཉམ་ལས་ཐད་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཚོང་དོན་མ་འཇོག་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》བཞག་པར་འཇར་མན་ཕྱོགས་ཀྱིས་རྟེན་འབྲེལ་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་ཤུགས་ཆེ་རུ་བཏང་ནས་ལོའི་ནང་ཡོ་རོབ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"