འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་25ཉིན།

༄༅༎ཀན་སུའུ་ཡི་རྫོང་དབུལ་པོ་75ཚང་མ་དབུལ་སྒྲོལ་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་25ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ཀྲེན་ཡོན་རྫོང་དང་། ཐུང་ཝེ་རྫོང་། མིན་རྫོང་། ཏང་ཁྲང་རྫོང་། ཤིས་ཧོ་རྫོང་། ལི་རྫོང་། ལིན་ཞ་རྫོང་། ཏུང་ཤང་རྫོང་སོགས་ཤིན་ཏུ་དབུལ་བའི་རྫོང་8དབུལ་པོའི་རྫོང་གི་གྲས་ནས་ཕྱིར་འཐེན་བྱས་པ་ལས་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ་75ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་དབུལ་རྐྱང་མེད་པར་གྱུར་བ་མངོན་ཡོད།
     ཀན་སུའུ་ནི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་ལྕི་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཡིན་ཞིང་། ཞིང་ཆེན་ཡོངས་སུ་ཁྱོན་རྫོང་དབུལ་པོ་75ཡོད་པའི་ཁྲོད་རྫོང་58ནི་རྒྱལ་ཁབ་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྫོང་དབུལ་པོ་ཡིན་པ་དང་རྫོང་17ནི་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་རྫོང་དབུལ་པོ་ཐར་ཐོར་ཡིན་པ་རེད། 2019ལོའི་ལོ་མཇུག་བར་རྫོང་67གཅིག་རྗེས་གཉིས་མཐུད་ངང་དབུལ་སྒྲོལ་ཐུབ་རུང་ད་དུང་ཤིན་ཏུ་དབུལ་བའི་རྫོང་8དབུལ་སྒྲོལ་ཐུབ་མེད།
     འདི་ལོའི་ཟླ་10པའི་ཟླ་དཀྱིལ་དུ་རྫོང་8དེ་དག་ལ་དབུལ་སྒྲོལ་བྱེད་འཕྲོར་ལུས་པའི་མི་འབོར་དབུལ་པོ་དང་གྲོང་ཚོ་དབུལ་པོའི་དབུལ་སྒྲོལ་ཞིབ་བཤེར་རྩིས་ལེན་དང་། དབུལ་སྒྲོལ་ཐུབ་པའི་མི་འབོར་དང་གྲོང་ཚོ་དབུལ་པོར་ཕྱོགས་ཡོངས་ཞིབ་བཤེར་བརྟག་དཔྱད་ལས་དོན་ལེགས་སྒྲུབ་བྱས་པའི་རྨང་གཞིའི་ཐོག་རྫོང་དབུལ་པོའི་དབུལ་སྒྲོལ་ཞྭ་འབུད་ཀྱི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་དང་ལྟ་བསྡུར་གྱིས་རང་དཔྱད་བྱས་ཏེ་རང་ཉིད་གནས་སའི་གྲོང་ཁྱེར་དང་ཀྲོའུ་ལ་དབུལ་པོ་ཕྱིར་འཐེན་གྱི་རེ་ཞུ་ཕུལ་བ་དང་། གྲོང་ཁྱེར་རིམ་པའི་ཐོག་མའི་ཞིབ་བཤེར་དང་། ཞིང་ཆེན་རིམ་པའི་ལས་རིགས་སྡེ་ཚན་གྱིས་རྣམ་གྲངས་རྐྱང་པའི་ཞིབ་བཤེར་རྩིས་ལེན། ཕྱོགས་གསུམ་པའི་དཔྱད་དཔོག་ཞིབ་བཤེར། ཞིང་ཆེན་གྱི་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་ཞིབ་བཤེར་རྩིས་ལེན་ལས་དོན་ཚོགས་ཆུང་གིས་གྲོས་ཞིབ། ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཞིབ་འཇུག་དང་ཡོངས་བསྒྲགས། ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ་ཞིབ་བཤེར་གཏན་འབེབས་སོགས་བརྒྱུད་ཀན་སུའུ་ཡི་རྫོང་8རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱས་པ་རེད།
     ཀན་སུའུ་ཡི་ཞིང་ཆེན་རིམ་པའི་ལས་རིགས་སྡེ་ཚན་གྱིས་རྫོང་8ལ་རྣམ་གྲངས་རྐྱང་པའི་ཞིབ་བཤེར་རྩིས་ལེན་བྱས་ཏེ་རྫོང་8ཀྱི་འབྲེལ་ཡོད་རྣམ་གྲངས་རྐྱང་པའི་ཞིབ་བཤེར་རྩིས་ལེན་གྱི་སྟོན་གྲངས་ཚང་མ་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་པའི་ངོས་འཛིན་བྱས་ཡོད། ལན་ཀྲོའུ་སློབ་ཆེན་གྱི་དགེ་སློབ་300ལྷག་ཙམ་ལས་དཔྱད་དཔོག་ཚོགས་ཆུང་4བཙུགས་ཏེ་སྲིད་འཛིན་གྲོང་ཚོ་242ལ་བརྟག་དཔྱད་དང་ཞིང་དུད་13755ལ་ས་གནས་ས་ཐོག་ཏུ་བཅར་འདྲིར་བསྐྱོད་པའི་དཔྱད་དཔོག་བྱས་འབྲས་ལས་མངོན་པར། རྫོང་8ལ་ཕྱོགས་བསྡུས་དབུལ་པོ་གཅིག་ཀྱང་ཐོན་མེད་པ་དང་། དབུལ་སྒྲོལ་མི་འབོར་འཐེན་ནོར་ཤོར་ཚད་དང་མི་འབོར་དབུལ་པོ་དཔྱད་དཔོག་བྱ་རྒྱུར་ལུས་ཚད་མངོན་གསལ་དོད་པོ་མེད་པ། མང་ཚོགས་ཀྱིས་མོས་མཐུན་བྱེད་ཚད་98.5%ཟིན་ནས་དབུལ་སྒྲོལ་ཐུབ་ཚད་མཐོ་པོ་ཡོད་པ་རེད།