འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅།།བོད་ལྗོངས་ཉིང་ཁྲི་རུ་སྒྲ་མདའ་འཕངས་ནས་ལོ་གསར་རོལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་23ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཉིང་ཁྲི་རུ་སྒྲ་མདའ་འཕངས་ནས་ལོ་གསར་རོལ།
    མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་11ཚེས་16ཉིན་ནི་བོད་ཟླ་བཅུ་བའི་ཚེས་གཅིག་ཉིན་ཡིན་ཞིང་། བོད་ལྗོངས་ཀྱིས་“ཆེས་སྔ་ཤོས”ཀྱི་ལོ་གསར་བསུས་པ་སྟེ། ཉིང་ཁྲི་གྲོང་ཁྱེར་ཀོང་པོའི་ལོ་གསར་རེད། ཚེས་19ཉིན་གྱི་སྔ་དྲོ། 2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བདུན་པའི་ཕྱི་རོལ་ལུས་རྩལ་འགྲན་ཚོགས་ཏེ་ཉིང་ཁྲི་མདའ་འཕེན་འགྲན་བསྡུར་ཉིང་ཁྲི་གྲོང་ཁྱེར་དུ་སྤེལ་བ་རེད།
    ཀོང་པོའི་སྒྲ་མདའ་ནི་བོད་ལྗོངས་ཉིང་ཁྲི་ལ་དམིགས་བསལ་ཡོད་པའི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཤིག་རེད། ད་ལྟའི་བར་ལོ་ངོ་1500ལྷག་གི་ལོ་རྒྱུས་ལྡན་ཞིང་། བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་གཉིས་པའི་ནང་བཀོད་པ་རེད། ཡུལ་དངོས་སུ། ཉིང་ཁྲི་གྲོང་ཁྱེར་རྫོང་ཁག་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་དང་ལས་ཁུངས་ཀྱི་ལས་བྱེད་མི་སྣས་གྲུབ་པའི་འགྲན་ཞུགས་རུ་ཁག་15དང་མདའ་གླུ་རུ་ཁག་8བཅས་ཁྱོན་བསྡོམས་མདའ་འཕེན་ལ་དགའ་ཞེན་ཡོད་མཁན་260ལྷག་ཙམ་འགྲན་ར་འདུས་ནས། ཛ་དྲག་ཆེ་བའི་འགྲན་བསྡུར་བྱེད་པ་རེད།
   ཉིང་ཁྲི་གྲོང་ཁྱེར་སྒྲ་མདའ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དཔལ་བློ་ཡིས། སྒྲ་མདའ་འགྲན་བསྡུར་ནི་སྤྱི་བཏང་དུ་མང་ཚོགས་ཀྱིས་ཀོང་པོའི་ལོ་གསར་རམ་ཞིང་ལས་ངལ་གསོ་དུས་ཚོད་ལ་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་སྤེལ་བའི་ལུས་རྩལ་བྱེད་སྒོ་ཞིག་རེད། འགྲན་བསྡུར་མ་བྱས་སྔོན་དུ། འགྲན་ཞུགས་པ་དང་མདའ་གླུ་ལེན་མཁན་རུ་ཁག་གིས་མཉམ་དུ་ངག་འགྱུར་སྙན་ཞིང་ཡིད་ཆེས་འབྱུུང་བའི་མདའ་གླུ་ལེན་བཞིན  “ཀོང་པོའི་མདའ་གར”འཁྲབ་སྲོལ་ཡོད། འགྲན་ཞུགས་པས་མདའ་འབེན་ལ་ཕོག་དུས། རུ་མིས་ཐལ་མོ་རྡེབ་ནས་རྟེན་འབྲེལ་ཞུ་བ་དང་། “བཀྲིས་ཤོག”ཞེས་འབོད་ནས་སྐུལ་མ་བྱེད་པ་དང་། ལས་བྱེད་མི་སྣས་ཕུལ་བའི་ཁ་བཏགས་དང་ཆང་བཞེས་པ་རེད།
   སྒྲ་མདའ་འགྲན་བསྡུར་ནི་མདའ་འཕེན་འགྲན་བསྡུར་དང་མཚུངས་ཤིང་། སྒྲ་མདའ་ཡི་མགོ་ནི་ཁུང་བུ་ཆུང་ཆུང་ཞིག་ཡོད་པའི་ཤིང་གི་སྙུང་གཟུགས་ཀྱིས་བཟོས་པ་དང་། མདའ་འཕངས་རྗེས་མདའ་ལ་འཕུར་བརྡར་ཐེབས་པས་མདའ་རྩེ་ལས་ཤུ་སྒྲ་གསལ་པོ་ཞིག་གྲགས་པས། “སྒྲ་མདའ”ཞེས་པའི་མིང་འབོད་སྲོལ་ཆགས། འགྲན་རའི་སྣེ་གཞན་དུ། མདའ་འགོག་པའི་རས་ཡོལ་ཞིག་ཡོད་པ་དང་། དེའི་མདུན་ཕྱོགས་སུ་སྐོར་ར་གསུམ་ཅན་གྱི་པགས་རྒྱུའི་འབེན་ཞིག་བཀལ་ཡོད། མདའ་དེ་ལ་ཕོག་རྗེས། འབེན་སྙིང་གི་ནང་འཁོར་མདའ་དང་མཉམ་དུ་ལྷུངས་ན་རྒྱལ་ཁ་ཐོབ་པ་རེད།
   ལོ་54ཡིན་པའི་དམ་པ་ནི་ལྷོ་པ་རིགས་ཀྱི་“མདའ་འཕེན་མཁས་པ”ཞིག་རེད་ལ། སྨན་གླིང་རྫོང་ལྷོ་པ་རུ་ཁགགི་སྣེ་ཁྲིད་མཁན་ཡང་རེད། “ང་ཚོའི་མེས་པོ་ཚོས་ནགས་གསེབ་ནས་རི་དྭགས་རྔོན་ནས་འཚོ་བ་སྐྱེལ་བ་རེད། སྔོན་ཆད་ལ་‘ལྷོ་པ་རིགས་ཀྱི་བཟའ་འཐུང་སྡོད་གསུམ་དང་། ཚེ་སྲོག་ཚང་མ་མདའ་དང་བྲལ་ཐབས་མེད་ཟེར་གྱི་ཡོད། ད་ལྟར་མི་ཚང་མས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་གྱི་ཡོད་མོད། ཡིན་ནའང་། མདའ་འཕེན་པའི་ལག་རྩལ་ནི་སྔར་བཞིན་རྒྱུུན་འཛིན་བྱེད་ཐུབ་ཡོད”ཅེས་ཁོང་གིས་གསར་འགོད་པར་བཤད་པ་དང་།  ན་ནིང་ལོའི་འགྲན་བསྡུར་ཁྲོད། སྨན་གླིང་རྫོང་ལྷོ་པ་རུ་ཁག་གིས་ཚོགས་པའི་འགྲན་བསྡུར་ཨང་དང་པོ་ཐོབ་ཡོད་ཅིང་། ད་ལོའི་འགྲན་བསྡུར་ནང་དུའང་མཇུག་འབྲས་ཡག་པོ་ཞིག་འཐོབ་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།
    དཔལ་བློ་ཡིས། “ཀོང་པོའི་སྒྲ་མདའ”རོལ་རྩེད་དང་འགྲན་རྩལ་གཞི་གཅིག་ཏུ་འདུས་ཡོད། དེ་ནི་བོད་རང་སྐྱོང་ལྗོངས་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་འགྲན་བསྡུར་རྣམ་གྲངས་ཤིག་ཡིན་ཞིང་།མིག་སྔར་ཉིང་ཁྲི་གྲོང་ཁྱེར་དུ་མི་ཁྲི་3ལྷག་ལུས་རྩལ་འགྲན་བསྡུར་དེའི་ནང་ཞུགས་ཡོད་ཅེས་བཤད་ཀྱི་འདུག(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830498.html) 
【1】  【2】  【3】
༄༅།།བོད་ལྗོངས་ཉིང་ཁྲི་རུ་སྒྲ་མདའ་འཕངས་ནས་ལོ་གསར་རོལ།