འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅༎ཨ་རིས《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལས་དངོས་སུ་འབུད་རྒྱུ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་23ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཨ་རི་སྲིད་གཞུང་གིས་ཚེས་22ཉིན་ནས་བཟུང་ཨ་རི《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལས་དངོས་སུ་འབུད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
     ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་དེ་ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཨའོ་པུའུ་ལའེ་ཨེན་གྱིས། ཨ་རི《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལས་འབུད་རྒྱུའི་གཏན་འབེབས་བརྡ་ཁྱབ་བཏང་ནས་བཟུང་ཟླ་བ་དྲུག་འདས་ཟིན་ཞིང་། ད་ལྟ་ཨ་རི་ནི་ཆིངས་ཡིག་དེའི་ཁོངས་ཞུགས་རྒྱལ་ཁབ་མིན་ཞེས་བརྗོད།
     ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཚེས་22ཉིན་གསལ་བསྒྲགས་སྤེལ་ནས། ཨ་རི《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལས་བུད་པ་དེ་ཡོ་རོབ་ཀྱི་བདེ་འཇགས་ལ་ཕན་ཐོགས་མེད་པ་མ་ཟད། ཨ་རི་རང་ངོས་དང་དེའི་མནའ་གྲོགས་ཀྱི་བདེ་འཇགས་ལའང་ཕན་ཐོགས་མེད་པ་རེད། ཨུ་རུ་སུས་ཆིངས་ཡིག་དེའི་ཁོངས་ཞུགས་རྒྱལ་ཁབ་གཞན་དག་གི་གཏམ་སྤྱོད་ལ་དོ་ཁུར་དང་དབྱེ་ཞིབ་དམ་ཟབ་བྱ་རྒྱུ་དང་འབྲེལ་ཨུ་རུ་སུ་རང་ངོས་དང་མནའ་གྲོགས་ཀྱི་བདེ་འཇགས་ཁེ་ཕན་ལ་གཞིགས་ནས་འབྲེལ་ཡོད་གཏན་འབེབས་བྱ་རྒྱུ་ཡིན་ཞེས་བརྗོད།
      གསལ་བསྒྲགས་ནང་ཨ་རི་ཕྱོགས་ཀྱིས་དེ་གོང་ཨུ་རུ་སུ་ཕྱོགས་ཀྱིས《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལས་འགལ་བའི་འབྲེལ་ཡོད་སྐྱོན་འཛུགས་ལ་གཞི་འཛིན་ས་གང་ཡང་མེད། ཨ་རི་ཕྱོགས་ཀྱི་དམག་དོན་ཚོད་འཛིན་ཆིངས་ཡིག་གཞན་དག་ཐོག་གི་བྱ་སྤྱོད་དང་འདྲ་བར་ཨ་རི་ཕྱོགས་ཀྱིས《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལ་གཏོར་བཤིག་གཏོང་བ་ནི་རྐང་བཙུགས་ནས་སྤེལ་བའི་བྱ་སྤྱོད་ཅིག་རེད། ཨུ་རུ་སུ་ཕྱོགས་ཀྱིས《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》གི་ད་ཡོད་ཁོངས་ཞུགས་རྒྱལ་ཁབ་ཀྱིས་རང་གི་འགན་འཁྲི་ལག་བསྟར་ནན་པོ་བྱེད་ཐུབ་པ་དང་། དེའི་མངའ་ཁོངས་སུ་མྱུལ་ཞིབ་དང་ལེན་བྱེད་པ་དང་འབྲེལ་ཁོངས་གཏོགས་རྒྱལ་ཁབ་མིན་པའི་ཕྱོགས་གསུམ་པའི་རྒྱལ་ཁབ་ལ་དེ་ཉིད་ཀྱིས་མྱུལ་ཞིབ་འཕུར་སྐྱོད་བྱེད་པའི་འབྲེལ་ཡོད་དཔྱད་ཡིག་རྩིས་སྤྲོད་མི་བྱེད་པར་འགན་ལེན་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
     《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལ་1992ལོར་མིང་རྟགས་བཀོད་པ་དང་2002ལོ་ནས་བཟུང་ནུས་པ་ཐོན་པ་རེད། ཆིངས་ཡིག་ནང་ཞུགས་མཁན་རྒྱལ་ཁབ་ཀྱིས་གཏན་འབེབས་ལྟར་ཕན་ཚུན་གྱི་མངའ་ཁོངས་སུ་དྲག་ཆས་མ་ཡིན་པའི་བྱེད་ཐབས་བརྒྱུད་མཁའ་ཐོག་ནས་མྱུལ་ཞིབ་བྱས་ཆོག་པ་རེད། ཆིངས་ཡིག་དེ་ནི་འཇམ་འཐབ་མཇུག་རྫོགས་རྗེས་ཡིད་ཆེས་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་གསལ་ཚད་མཐོ་རུ་གཏོང་བ་དང་གདོང་ཐུག་གི་ཉེན་ཁ་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད། ཨ་རི་དང་། ཨུ་རུ་སུ། བྱང་ཆིངས་རྒྱལ་ཁབ་མང་ཆེ་བ་བཅས་ཀྱིས་ཆིངས་ཡིག་འདིར་མིང་རྟགས་བཀོད་པ་རེད།
     ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལོའི་ཟླ་5ཚེས་22ཉིན་ཆིངས་ཡིག་དེའི་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་གཞན་དག་ལ་ཆིངས་ཡིག་ལས་འབུད་རྒྱུའི་གཏན་འབེབས་བརྡ་ཁྱབ་བཏང་བ་རེད། ཨུ་རུ་སུ་ཕྱོགས་ཀྱིས་ཆིངས་ཡིག་དེ་བསྐྱར་དུ་ལག་བསྟར་བྱ་རྒྱུ་མ་གཏོགས། ཨ་རི་ཕྱོགས་ཟླ་བ་དྲུག་སོང་རྗེས་ཆིངས་ཡིག་དེ་ལས་དངོས་སུ་འབུད་རྒྱུ་ཡིན་ཞེས་བཤད་པ་རེད། ཨུ་རུ་སུ་ཕྱོགས་ཀྱིས་དེའི་ཐད་ཨ་རི་ཕྱོགས་ཀྱི་སྐྱོན་འཛུགས་ལ་གཞི་འཛིན་ས་མེད་པས་ཨ་རིས《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》མུ་མཐུད་ལག་བསྟར་བྱ་རྒྱུར་བཏོན་པའི་ཆ་རྐྱེན“དང་ལེན་གཏན་ནས་བྱེད་མི་སྲིད”ཅེས་བཤད་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830486.html)