འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅།།ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་
པས་རིམས་ནད་འོག་གི་ས་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་ཕན་པ་ཆེན་
པོ་ཐོན་ངེས་ཡིན་པ།

—— ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏེང་ཤིས་ཅུན་ལ་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་23ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅ་ཁར་ཐ་ནས་གློག་འཕྲིན་འབྱོར་གསལ། ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན(RCEP)ལ་གྲུབ་འབྲས་ཐོབ་པའི་ངང་མིང་རྟགས་བཀོད་པས། “དེ་ལས་ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་ཚོང་དོན་གྱི་སྒྲོམ་གཞི་འདིང་བར་སླར་ཡང་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་པ་དང་། དེ་ནི་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་ཐོབ་པའི་རྒྱལ་ཁ་གལ་ཆེན་ཞིག་ཡིན་ལ། རིམས་ནད་ཀྱི་རྒྱུན་རྣམ་གསར་པའི་འོག་ས་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་ཕན་པ་ཆེན་པོ་ཐོབ་ངེས་ཡིན་པ་དང་འཛམ་གླིང་ལ་ནུས་ལྡན་གྱི་བརྡ་རྟགས་ཞིག་བརྒྱུད་སྤྲོད་བྱས་པ་སྟེ། རིམས་ནད་ལ་འགོག་རྒོལ་དང་སླར་གསོར་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱལ་སྤྱིའི་མཉམ་ལས་མཐའ་འཁྱོངས་དང་དེར་བརྟེན་དགོས”ཞེས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏེང་ཤིས་ཅུན་གྱིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་ཡིག་ཐོག་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་རེད།
   ཏེང་ཤིས་ཅུན་གྱིས། RCEPནི་དེང་རབས་དང་། ཕྱོགས་ཡོངས། ཆུ་ཚད་མཐོ་བ། གཉིས་ཕན་བཅས་ཀྱི་གྲོས་མཐུན་ཞིག་རེད། དེའི་ནང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་RCEPཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མིན་པའི་རྒྱལ་ཁབ་དབར་གྱི་རང་མོས་ཚོང་དོན་གྲོས་མཐུན་དང་འབྲེལ་བའི་ཁྱབ་ཁོངས་དང་སྒྲིག་ཁྲིམས་ཚུད་ཡོད། དངོས་ཟོག་དང་། ཞབས་ཞུའི་ཚོང་དོན། དེ་བཞིན་མ་དངུལ་འཇོག་པ་བཅས་དང་འབྲེལ་བ་ཡོད་པའི་རང་དབང་ཅན་གྱི་ཁས་ལེན་དང་དོན་ཚན་ཞིབ་ཕྲ་ཚུད་པ་ཕུད། ད་དུང་ཤེས་བྱའི་བདག་དབང་དང་། དྲ་ཐོག་ཚོང་དོན། འགྲན་རྩོད། ཁེ་ལས་འབྲིང་ཆུང་། དཔལ་འབྱོར་དང་ལག་རྩལ་མཉམ་ལས། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་ལེའུ་ཡང་ཚུད་ཡོད། འདི་དག་གིས་ས་ཁོངས་ནང་གི་ཁེ་ལས་ལ་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་སྐྲུན་སྲིད་ལ། ས་ཁོངས་ནང་ཁུལ་གྱི་ཚོང་ཟོག་དང་། ཞབས་འདེགས། མི་སྣ་སོགས་འཁོར་རྒྱུག་བདེ་བླག་ཐུབ་ནས་གཅིག་གྱུར་གྱི་ས་ཁོངས་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་ཆགས་ཏེ། ས་ཁོངས་ཧྲིལ་པོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་བ་དང་། ཁེ་ལས་ཀྱི་ཚོང་དོན་དང་གཉེར་སྐྱོང་མ་གནས་དམའ་རུ་འགྲོ་བ། ས་ཁོངས་ནང་ཁུལ་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་ཐོན་ལས་བཀོད་སྒྲིག་ལུགས་མཐུན་ལ་སྐུལ་མ་ཐེབས་པ་བཅས་བྱེད་དགོས། དེ་དང་དུས་མཚུངས་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ཕུན་སུམ་ཚོགས་པ་དང་། སྤུས་ཀ་ལེགས་པ། ཕན་པ་བཅས་ཀྱི་ཚོང་ཟོག་དང་ཞབས་འདེགས་མཁོ་འདོན་བྱས་ནས་དམངས་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སྣང་ཆེ་རུ་འགྲོ་བར་དགེ་མཚན་ཡོད། RCEPལ་མིང་རྟགས་བཀོད་རྗེས་དེའི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་འགྲོ་བ་མ་ཟད། ནུས་པའང་ཟམ་མི་ཆད་པར་ཐོན་སྲིད། RCEPཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ས་ཁོངས་ཚོང་དོན་ལ་མ་དངུལ་འཇོག་ཚད་འཕར་བ་དང་ས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་མ་ཐེབས་ནས། ས་ཁོངས་ཐོན་ལས་ཀྱི་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་མང་དུ་གཏོང་བ། ཕྱོགས་གང་ཅིའི་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད། ས་ཁོངས་དེས་སྒོ་དབྱེ་དང་། བསྟུན་མཁས། སྒྲིག་སྲོལ་བཅས་ལ་བརྟེན་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་ལུགས་མངོན་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་གྱི་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱས་ནས་ས་ཁོངས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་ཐུབ་ཅེས་བརྗོད་པ་རེད།
   ཏེང་ཤིས་ཅུན་གྱིས། RCEPནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་བཏོན་པའི་མིག་རྒྱང་ཧ་ཅང་རིང་བའི་རང་མོས་ཚོང་དོན་གྱི་གྲོས་མཐུན་ཞིག་རེད། RCEPལ་མིང་རྟགས་མ་བཀོད་གོང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཕྱོགས་གཞན་དག་ལྔ་དང་10+1གི་རང་མོས་ཚོང་དོན་ཁུལ་བཙུགས་ཡོད། 2012ལོར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མིག་རྒྱང་རིང་པོས་RCEPཡི་གྲོས་འགོ་འདོན་རྒྱུའི་སྐོར་གླེང་ཡོད། དེའི་རྗེས་ཀྱི་ལོ་བརྒྱད་རིང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཕྱོགས་ཀྱིས་འགོ་ཁྲིད་ཀྱི་འགན་འཁྲི་རྒྱུན་འཁྱོངས་བྱས་ནས། གྲོས་མོལ་གྱི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཕྱོགས་ཁག་གི་ལངས་ཕྱོགས་མཐུན་སྦྱོར་གང་ལེགས་བྱས་ཏེ་མཚམས་འཇོག་མེད་པར་གྲོས་མོལ་བྱེད་པའི་འགན་ལེན་བྱས་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་ནུས་པ་དང་འབད་འཐབ་ཤུགས་ཆེན་འོག གཞི་ནས་རྒྱལ་ཁབ་དེ་བས་མང་བས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཧེ་བག་ཁྱད་བསད་ཐུབ་སྟེ་གྲོས་མཐུན་ལ་མིང་རྟགས་བཀོད་ཐུབ་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་འགོ་ཁྲིད་ནུས་པ་བཏོན་མེད་ན་གྲོས་མཐུན་ལ་མིང་རྟགས་འགོད་ཐབས་བྲལ་ཡོད། དེར་བརྟེན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་བྱེད་ནུས་ཆེན་པོ་དང་དཀའ་སྤྱད་འབད་འཐབ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་སྒོས་ཐུགས་རྗེ་ཆེ་ཡང་ཞུ་གི་ཡིན་ཞེས་བརྗོད་པ་རེད།
    ཏེང་ཤིས་ཅུན་གྱིས། ཀྲུང་གོས་RCEPཡི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་མཐའ་འཁྱོངས་དང་སྲུང་སྐྱོང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་རྒྱབ་སྐྱོར་ཆེན་པོ་སྒོས་སྔ་ཕྱི་བར་གསུམ་དུ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས“གྲོས་མོལ་དང་། མཉམ་ལས། མིང་རྟགས་འགོད་པ་བཅས་ལ་སྐུལ་འདེད་གཏོང་བའི”སྙིང་སྟོབས་ལ་བརྟེན་ནས་གྲོས་མོལ་གྱི་དཀའ་གནད་ཐག་གཅོད་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འདི་ལོའི་ལོ་སྟོད་དུ་ཀྲུང་གོ་ཕྱོགས་དང་འབྲེལ་བ་ཡོད་པའི་ངོ་བོའི་རང་བཞིན་གྱི་གྲོས་མོལ་ཚང་མ་ལེགས་གྲུབ་བྱུང་ནས་RCEPཡིས་དུས་བཀག་ལྟར་མིང་རྟགས་འགོད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད་པ་རེད།
   ཏེང་ཤིས་ཅུན་གྱིས། སླད་ཕྱིན་ཕྱོགས་ཁག་གི་ལས་འགན་ཨང་དང་པོ་ནི་གྲོས་མཐུན་གྱི་ནུས་པ་སྔ་ཙམ་ཐོན་རྒྱུ་འགན་ལེན་བྱེད་དགོས། གོམ་སྟབས་རྗེས་མར་ཕྱོགས་ཁག་གིས་རྒྱལ་ནང་གི་ཆོག་མཆན་སྤྲོད་པའི་གོ་རིམ་ལག་བསྟར་དང་། གྲོས་མཐུན་དེ་མ་མཐར་ཡང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་6དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མིན་པའི་ཁོངས་མིའི་རྒྱལ་ཁབ་3གྱིས་རྒྱལ་ནང་གི་འགྲོ་ལུགས་གཉེར་རྗེས་ནུས་པ་ཐོན་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ནང་གི་གོ་རིམ་ལག་བསྟར་ཧུར་ཐག་བྱས་ཏེ་ཕྱོགས་ཁག་དང་མཉམ་དུ་གྲོས་མཐུན་གྱི་ནུས་པ་སྔ་ཙམ་ཐོན་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།