འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅།།ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད།

—— ལོ་སིའི་དམངས་ཚོགས་ཀྱིས་ལོ་ཀྲུང་མཉམ་ལས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་མ་དེ་སྔ་ཙམ་ཤར་གཏོང་ཐུབ་རེ་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་23ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    “འདི་ནི་ང་ཚོ་ལོ་སིའི་མྱུར་བགྲོད་གཞུང་ལམ་དང་པོ་རེད། ལོ་སིའི་ས་ཆ་གཞན་དུའང་ལམ་ཡག་པོ་འདི་འདྲ་ཡོད་པའི་རེ་བ་ཡོད”1998ལོར་སྐྱེས་པའི་ཁུང་ཧྲ་དབན་གྱི་ཁྱིམ་ལོ་སིའི་རྒྱལ་ས་ཝན་ཐེན་བྱང་རྒྱུད་ཀྱི་ན་སའེ་ཐུང་རྫོང་དུ་ཡོད། འདི་ཡང་བསྐྲུན་ཚར་ཉེར་ཡོད་པའི་ཀྲུང་ལོ་མྱུར་བགྲོད་གཞུང་ལམ་ཝན་ཐེན་ནས་ཝན་རོང་བར་གྱི་མགོ་འཛུགས་པ་རེད།
   ཀྲུང་ལོ་མྱུར་བགྲོད་གཞུང་ལམ་གྱི་མགོ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་ཡོད་པ་དང་མཇུག་ལོ་ཀྲུང་མཐའ་མཚམས་ནས་བསྡུས་ཡོད། ལམ་ཐིག་ཧྲིལ་པོར་སྤྱི་ལེ་440ཙམ་ཇུས་འགོད་བྱས་པ་དེ་ནི་ཀྲུང་གོ་ནས་ཀྲུང་ནན་ཕྱེད་གླིང་བར་གྱི་འགྲིམ་འགྲུལ་ཆེན་པོའི་ལྟེ་བའི་གྲུབ་ཆ་ཞིག་རེད། ཀྲུང་ལོ་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་དེ་ཀྲུང་གོའི་ལག་རྩལ་གྱི་ཚད་གཞི་སྤྱད་དེ་འཛུགས་སྐྲུན་གཉེར་སྐྱོང་བྱས་པ་དང་འཆར་གཞི་བྱས་ན་ཁག་བཞི་ལ་དབྱེ་ནས་ལག་བསྟར་བྱ་རྒྱུ་རེད།
    དེའི་ནང་དུས་ཐེངས་དང་པོའི་ཝན་ཐེན་ནས་ཝན་རུང་བར་གྱི་དུམ་བུ(བསྡུས་མིང་ལ“ཝན་ཝན་མྱུར་བགྲོད་གཞུང་ལམ”ཞེས་བརྗོད་རྒྱུ)དེ་2018ལོའི་ཟླ་12ཚེས་30ཉིན་ལས་འགོ་ཚུགས་པ་དང་ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི(ཡན་ནན་འཛུགས་སྐྲུན་ཚོགས་པ)དང་ལོ་སིའི་སྲིད་གཞུང་མཉམ་ལས་བྱས་ནས་བསྐྲུན་པ་དང་མིག་སྔར་གཉེར་སྐྱོང་གི་དུས་འགོའི་གྲ་སྒྲིག་བྱེད་བཞིན་ཡོད། ཝན་ཝན་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་110ཙམ་ཡོད་པ་དེ་ཕྱོགས་གཉིས་དང་འཁོར་ལམ་བཞིའི་མྱུར་བགྲོད་གཞུང་ལམ་ཇུས་འགོད་བྱས་ཡོད། ད་དུང་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་80ནས་100བར་ཡིན་པ་དང་བསྐྲུན་ཟིན་རྗེས་ལོ་སིའི་མྱུར་བགྲོད་གཞུང་ལམ་དང་པོ་དེར་འགྱུར་སྲིད།
   ཁུང་ཧྲ་དབན་གྱིས་ཀྲུང་གོའི་ཁུན་མིང་དུ་རྒྱ་ཡིག་སྦྱོང་མྱོང་ཡོད་པ་དང་ལོ་གཅིག་ལྷག་ཙམ་གོང་ལོ་སིར་ལོག་ནས་ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གཉེར་སྐྱོང་སྡེ་ཚན་དུ་ལས་ཀ་བྱས། ཁོང་གིས“སྔོན་ཆད་ཁྱིམ་མི་དང་མཉམ་དུ་ཝན་ཐེན་ནས་ཝན་རུང་དུ་རླངས་འཁོར་བཏང་ནས་འགྲོ་བའི་ལམ་དེ་ད་ལྟའི་མྱུར་བགྲོད་གཞུང་ལམ་དང་བསྡུར་ཐབས་མེད། ད་ཆའི་མྱུར་བགྲོད་གཞུང་ལམ་གྱི་སྤུས་ཀ་ལེགས་ལ་མགྱོགས་ཤིང་བདེ་འཇགས་ལྡན་པ་ཞིག་འདུག་ཅེས་གསར་འགོད་པར་བཤད་བྱུང་།
   ཝན་ཝན་མྱུར་བགྲོད་གཞུང་ལམ་གྱི་ཨར་ལས་ལས་གྲྭའི་རྣམ་གྲངས་ཅིང་ལི་གཞོན་པ་དབྱང་ཡུན་ལོ་སིར་བསྐྱོད་ནས་ལོ་གསུམ་སོང་ཞིང་། ཁོང་གིས། འདི་གའི་གནམ་གཤིས་ཚ་བ་ཆེ་བ་དང་། ཆར་དུས་མང་བ། སྒྲིག་ཆས་དཀོན་པ། ལག་རྩལ་བཟོ་པ་དཀོན་པ། ལྷག་པར་དུ་འདི་ལོ་རིམས་ནད་ཐོན་ནས་དངོས་ཟོག་ནང་འདྲེན་བྱེད་མི་ཐུབ་པར་བརྟེན་ཨར་ལས་ལ་དཀའ་ངལ་མི་ཉུང་བ་ཞིག་ཕྲད་ཡོད། སྟབས་ལེགས་པ་ཞིག་ལ་རྣམ་གྲངས་ཚོགས་ཆུང་ལ་ལོ་གསུམ་གྱི་ཉམས་མྱོང་ཡོད་པའི་དབང་གིས་འཛུགས་སྐྲུན་གྱི་སྤྱིའི་འཕེལ་རིམ་ཅུང་མགྱོགས་པས་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་ཀྱི་འདུག་ཅེས་ངོ་སྤྲོད་བྱས་བྱུང་།
   “ད་ཆ་ངས་གཙོ་བོ་ཡིག་སྒྱུར་གྱི་ལས་འགན་འཁུར་གྱི་ཡོད། སླད་ཕྱིན་ད་དུང་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་པུའི་ལས་སྒོའི་གཉེར་འགན་འཁུར་གྱི་ཡིན” འདི་ལོའི་ཟླ་5པར་ལོ་སིའི་བུ་མོ་ཁང་ལིན་ཏ་ཝུའུ་ཧན་སློབ་ཆེན་ནས་ཐོན་རྗེས་ཝན་ཝན་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ལ་ཞུགས་ཡོད། ཁོང་གིས“ལོ་ཀྲུང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་ཞུགས་ཐུབ་པས་ཧ་ཅང་དགའ་པོ་བྱུང་། རང་ཉིད་ཀྱིས་ཀྱང་མུ་མཐུད་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན། ལོ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཡག་པོ་དང་རོགས་ཟླ་ཡག་པོ་ཡིན་པས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་རེ་བ་ཡོད”ཅེས་བཤད་པ་རེད།