མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2020ལོའི་ཀྲུང་གོའི་5G+བཟོ་ལས་དྲ་སྦྲེལ་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་22ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་2020ལོའི་ཀྲུང་གོའི་5G+བཟོ་ལས་དྲ་སྦྲེལ་ཚོགས་ཆེན་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་ཆེན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས། དེང་སྐབས་གོ་ལ་ཧྲིལ་པོའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་སྤེལ་གཏིང་ཟབ་ཐེབས་ནས་ཆ་འཕྲིན་ལག་རྩལ་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད། 5Gདང་བཟོ་ལས་དྲ་སྦྲེལ་གྱི་མཉམ་འདྲེས་ལས་གྲངས་འཛིན་ཀྲུང་གོ་དང་རིག་ལྡན་སྤྱི་ཚོགས་བསྐྲུན་མགྱོགས་སུ་གཏོང་བ་དང་། ཀྲུང་གོའི་བཟོ་ལས་ཅན་གསར་པའི་འཕེལ་རིམ་མགྱོགས་སུ་ཕྱིན་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཏེ་རིམས་ནད་ཀྱི་གནོད་འཚེའི་ཁྲོད་ཀྱི་འཛམ་གླིང་གི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་གཏོད་རྒྱུ་རེད། ཚོགས་ཞུགས་འཐུས་མི་ཚོས“བྱ་དངོས་ཡོད་དགུ་རིག་འབྲེལ་གྱིས་མ་འོངས་མཉམ་འདྲེས་གསར་གཏོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་དང་། ཐུན་མོང་ངོས་འཛིན་གཅིག་སྒྲིལ། མཉམ་ལས་ཟབ་གཏོང་བཅས་བྱས་ཏེ་དངོས་ཚན་ལ་ནུས་པ་སྤྲོད་པ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མི་དམངས་ལ་ཕན་བདེ་སྐྲུན་པ་བཅས་དེ་བས་ལེགས་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་ཚོགས་ཆེན་འདི་ཧུའུ་པེའི་ཝུའུ་ཧན་དུ་འཚོགས་པར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་ད་རེས་ཀྱི་ཚོགས་ཆེན་གོ་སྐབས་སུ་བྱས་ནས་རིམས་འགོག་གི་རླབས་ཆེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཞབས་འདེཌ་ཞུ་བའི་ཐད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"