མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2020ལོའི“ཀྲུང་གོར་རྒྱུས་མངའ་ལོན་པའི”རྒྱལ་སྤྱིའི་ཚོགས་འདུར(ཀོང་ཀྲོའུ)རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་22ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི“ཀྲུང་གོར་རྒྱུས་མངའ་ལོན་པའི”རྒྱལ་སྤྱིའི་ཚོགས་འདུ(ཀོང་ཀྲོའུ)ཟླ་11ཚེས་20ཉིན་ཀོང་ཀྲོའུ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན་དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ལས། མིའི་རིགས་ནི་ཁ་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་སླར་ཡང་མངོན་ཡོད། རྙོག་འཛིང་ཆེ་ལ་ཛ་དྲག་པའི་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་མིའི་རིགས་ཀྱིས་དུས་གང་རུང་ཞིག་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འགག་སྒྲོལ་དཀའ་སེལ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཚོགས་མ་ཐག་པའི་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཡོད། ཀྲུང་གོའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་དམིགས་ཚད་འགྲུབ་ཉེར་ཡོད་པ་དང་། ཕྱི་ལོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུ་རེད། ཚང་མས་བསམ་གཞིག་གཏིང་ཟབ་དང་། གྲོས་བསྡུར་ཧུར་ཐག ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་བྱས་ནས། ཀྲུང་གོ་དང་འཛམ་གླིང་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
     “ཀྲུང་གོར་རྒྱུས་མངའ་ལོན་པའི”རྒྱལ་སྤྱིའི་ཚོགས་འདུ་ད་བར་གྲུབ་འབྲས་ཐོན་པའི་སྒོ་ནས་སྐབས་བཞི་གཉེར་ཡོད། སྐབས་འདིའི་ཚོགས་འདུས“འགྱུར་ལྡོག་ཆེན་པོ་དང་། ཚོད་བགམ་ཆེན་པོ། མཉམ་ལས་ཆེན་པོ་བཅས་ཀྱི་ཀྲུང་གོའི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། གོ་ལ་ཧྲིལ་པོའི་གྲགས་ཅན་ཆབ་སྲིད་མཁས་ཅན་དང་། འཐབ་ཇུས་མཁས་ཅན། མཁས་དབང་། ཁེ་ལས་མཁས་ཅན་བཅས་600ལྷག་ཙམ་གྱིས་དྲ་ཐོག་དང་དྲ་ཕྱི་བརྒྱུད་ཚོགས་འདུར་ཞུགས་པ་རེད།

  
style="display:none;"