འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅༎མགྲིན་ཚབ་པས“མིག་ལྔའི་མནའ་འབྲེལ”གྱི་ཞང་ཀང་དང་འབྲེལ་བའི་གསལ་བསྒྲགས་དང་། ཀྲུང་ཨོའི་འབྲེལ་བ། 
ཨ་རི་ཕྱོགས་ཀྱི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཡིག་ཆ་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་19ཉིན་འཚོགས་པའི་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས“མིག་ལྔའི་མནའ་འབྲེལ”གྱི་ཞང་ཀང་དང་འབྲེལ་བའི་གསལ་བསྒྲགས་དང་། ཀྲུང་ཨོའི་འབྲེལ་བ། ཨ་རི་ཕྱོགས་ཀྱི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཡིག་ཆ་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
     “མིག་ལྔའི་མནའ་འབྲེལ”གྱི་ཞང་ཀང་དང་འབྲེལ་བ་ཡོད་པའི་གསལ་བསྒྲགས་ལ་ཨ་ལན་སློག་པ།
     གསར་འགོད་པ་ཞིག་གིས་ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ། ནེའུ་ཙི་ལན། དབྱིན་ཇི་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཀྲུང་གོའི་སྲིད་གཞུང་ལ་ཞང་ཀང་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིར་དམིགས་པའི་བྱ་སྤྱོད་ལ་བསྐྱར་དུ་བསམ་གཞིགས་བྱེད་དགོས་པ་དང་། འབྲེལ་ཡོད་གྲོས་མིའི་ཐོབ་ཐང་འཕྲལ་མར་སླར་གསོ་ཡང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས་པར།
     “ཀྲུང་གོ་བས་རྙོག་དྲ་བསླངས་མྱོང་མེད། ཡིན་ཡང་རྙོག་དྲ་ལ་གཏན་ནས་སྐྲག་མྱོང་མེད། ཁོ་ཚོར‘མིག་ལྔ’ཡོད་ནའང་འདྲ། ‘མིག་བཅུ’ཡོད་ནའང་འདྲ། ཀྲུང་གོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་ཕོད་ན་ཁོང་ཚོའི་མིག་ཞར་བར་བཟོ་པར་གཟབ་གཟབ་བྱེད་དགོས”ཞེས་ཀྲའོ་ལི་ཅན་གྱིས་བཤད།
     “ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འགལ་ནས། ཀྲུང་གོའི་ནང་སྲིད་ལ་གཏོགས་པའི་ཞང་ཀང་གི་ལས་དོན་ལ་མི་བཤད་དགུ་བཤད་དང་རྐང་བརྡ་ལག་བརྡ་བྱས་པར་མི་དགའ་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཅེས་ཀྲའོ་ལི་ཅན་གྱིས་བཤད། 
     ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནད་དོན་ཐད་དྲང་ནན་གྱི་ལངས་ཕྱོགས་ཐེངས་མང་གསལ་བཤད་བྱས་ཡོད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་། ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས། ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིའི་ཐོབ་ཐང་གི་གནད་དོན་ཐད་གཏན་འབེབས་བཟོ་བ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། ཞང་ཀང་གི་ཁྲིམས་སྐྱོང་དང་དམིགས་བསལ་ས་ཁུལ་གྱི་རྩ་ཁྲིམས་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན། འདི་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་པས་འགྲན་སློང་བྱེད་མི་རུང་ཞེས་བརྗོད། 
     “དབྱིན་ཡིག་ལ་གཏམ་དཔེ་ཞིག་ཡོད་དེ། ‘ཐུད་ཡག་དང་མི་ཡག  ཟོས་ན་ད་གཟོད་ཤེས་ཐུབ’ཟེར། ཀྲུང་གོར་ཡང་དེ་དང་འདྲ་བའི་གཏམ་དཔེ་ཞིག་ཡོད་དེ། ‘ལྷམ་རྐང་པར་རན་མིན་རང་གིས་གྱོན་ན་ཤེས’ཟེར། ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པ་ནས་བཟུང་། ཞང་ཀང་དུ‘མཛེས་སྡུག་ལྡན་པའི་ཡུལ་ལྗོངས’ཟེར་བ་ཡང་བསྐྱར་བྱུང་མེད། འདིས་ད་དུང་གནད་དོན་གསལ་བཤད་བྱེད་མི་ཐུབ་བམ”ཞེས་ཀྲའོ་ལི་ཅན་གྱིས་བཤད།
     ཁོང་གིས། གཞུང་ལས་མི་སྣས་ངེས་པར་དུ་རང་རྒྱལ་ཁབ་ཀྱི་རྩ་ཁྲིམས་རང་བཞིན་གྱི་བཅའ་ཁྲིམས་ལ་བརྩི་བཀུར་དང་མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་དགོས་པ་དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་ཚང་མའི་གཞི་རྩའི་ཆབ་སྲིད་ཀྱི་མི་ཆོས་ཤིག་རེད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་གོའི་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པས། སྤུན་ཟླ་ཞང་ཀང་པ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱིས“ཞང་ཀང་རང་བཙན”གྱི་འདོད་ཚུལ་སྒྲོག་སྤེལ་དང་རྒྱབ་སྐྱོར་གཏན་ནས་བྱས་མི་ཆོག་པ་མ་ཟད། རྒྱལ་ཁབ་ལ་ཞང་ཀང་གི་བདག་དབང་ཡོད་པ་མ་ཟད་དེ་བེད་སྤྱོད་བྱ་རྒྱུ་ཁས་མི་ལེན་པ། ཕྱི་རྒྱལ་དང་མངའ་ཁོངས་ཕྱིའི་སྟོབས་ཤུགས་ཀྱིས་ཞང་ཀང་གི་ལས་དོན་ལ་ཐེ་ཇུས་བྱ་རྒྱུར་དོན་གཉེར་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བྱེད་མཁན་གྱིས་ཞང་ཀང་ལ་དོ་དམ་དང་བཅོས་སྐྱོང་བཅས་བྱེད་དུ་འཇུག་མི་སྲིད། རྒྱལ་གཅེས་ཀང་གཅེས་བྱེད་མཁན་གྱིས་ཞང་ཀང་སྐྱོང་བ་དང་། ཀྲུང་རྒོལ་ཀང་དཀྲུག་མཁན་ཕམ་པ་ནི་བདེན་དོན་འགྱུར་མེད་ཅིག་རེད་ཅེས་བརྗོད།
     ཀྲའོ་ལི་ཅན་གྱིས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་ནས་བཟུང་། ཀྲུང་གོའི་སྲིད་གཞུང་གིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་ཞང་ཀང་དོ་དམ་དང་བཅོས་སྐྱོང་བྱས་པ་དང་། ཞང་ཀང་གི་སྡོད་དམངས་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཁེ་དབང་དང་རང་དབང་ཁག་ཁྲིམས་ལྟར་འགན་སྲུང་གང་ལེགས་བྱས་ཡོད། དེ་ནི་ཁས་མི་ལེན་ཐབས་མེད་ཀྱི་དོན་དངོས་ཤིག་རེད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཞང་ཀང་ཀྲུང་གོར་ཕྱིར་ལོག་ཟིན་པའི་དོན་དངོས་ལ་ལྟ་ཚུལ་ཡང་དག་འཛིན་པ་དང་། ཚད་གཞི་ཉིས་བརྩེགས་དོར་ནས་ཀྲུང་གོའི་བདག་དབང་ལ་བརྩི་འཇོག་ཏན་ཏིག་བྱས་ཏེ་རྣམ་པ་གང་རུང་གི་ཐོག་ནས་ཞང་ཀང་གི་ལས་དོན་ལ་ཐེ་ཇུས་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཕྲལ་དུ་འཇོག་དགོས། ཀྲུང་གོར་གནོན་ཤུགས་སྤྲོད་པ་དང་ཀྲུང་གོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ལྐོག་གཡོ་གང་ཞིག་ཡིན་རུང་ཚང་མ་འགྲུབ་མི་སྲིད་ཅེས་བརྗོད།
     ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི་ནོར་འཁྲུལ་གྱི་གཏམ་སྤྱོད་ལ་སླར་ཡང་དགག་པ་སྟེ། ཨོ་སི་ཁྲུ་ལི་ཡས་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་ལྟ་སྟངས་ནན་པོ་འཛིན་དགོས།
     ཀྲུང་ཨོའི་འབྲེལ་བའི་སྐོར་ལ་དྲིས་ལན་འདེབས་སྐབས། ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་མང་པོར་གསལ་བཤད་བྱས་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནོར་འཁྲུལ་གྱི་གཏམ་སྤྱོད་ཡང་ཡང་སྤེལ་ནས་རང་འགུལ་ངང་འཁྲུག་རྐྱེན་སློང་བ་དང་འགྲན་རྒོལ་རང་བཞིན་གྱི་བྱ་སྤྱོད་སྤེལ་ཡོད། དེ་ནི་མིག་སྔའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བར་དཀའ་ངལ་འཕྲད་པའི་རྩ་བའི་རྒྱུ་རྐྱེན་དེ་རེད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་བར་ཆད་བྱུང་བའི་གནད་འགག་ལ་མཐོང་ཆེན་བྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་ལྟ་སྟངས་ནན་པོ་འཛིན་དགོས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱེད་དགོས་ཞེས་བརྗོད།
     “ཕན་ཚུན་བརྩི་འཇོག་བྱ་རྒྱུ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་ཡིན། ང་ཚོས་རང་ངོས་ཀྱི་རིན་ཐང་ལྟ་བ་སྲུང་སྐྱོང་བྱ་རྒྱུར་ཁ་གཡར་ནས་རང་ཉིད་ཀྱི་འདོད་བློ་གཞན་ལ་བཙན་འགེལ་བྱེད་ཆེད་རང་ངོས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུའི་དར་ཆ་བསྒྲེངས་ནས་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་ཀྲའོ་ལི་ཅན་གྱིས་བཤད།
     ཨ་རི་ཕྱོགས་ཀྱི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཡིག་ཆར་དགག་པ་སྟེ། ཀྲུང་གོར་ངོ་རྒོལ་བྱེད་པའི་རྫུན་གཏམ་ཕྱོགས་བསྒྲིགས་གཞན་ཞིག་རེད།
     གསར་འགོད་པ་ཞིག་གིས། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་འཆར་འགོད་གཞུང་ལས་ཁང་གིས《ཀྲུང་གོའི་འགྲན་སློང་རྒྱུ་རྐྱེན་གཙོ་བོ》ཞེས་པའི་ཡིག་ཆ་ཞིག་ཁྱབ་བསྒྲགས་བྱས་ནས། ཨ་རིས་ལེགས་འགྲུབ་བྱ་དགོས་པའི་ལས་འགན་བཅུ་བཏོན་ནས་ཀྲུང་གོ་དར་རྒྱས་ཡོང་བར་ཁ་གཏད་འཇལ་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཀྲའོ་ལི་ཅན་གྱིས། ཡིག་ཆ་འདི་ནི་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“འཇམ་འཐབ་ཀྱི་འགྱུར་རྡོ་གསོན་པོ”ཁ་ཤས་ཀྱིས་རྫུན་བཟོ་བྱས་པའི་ཀྲུང་གོར་ངོ་རྒོལ་བྱེད་པའི་རྫུན་གཏམ་ཕྱོགས་བསྒྲིགས་གཞན་ཞིག་ཡིན་པས། དེས་ཨ་རི་ཕྱོགས་ཀྱི་མི་ཁ་ཤས་ཀྱི་རྩ་ཟབ་སྡོང་བརྟན་གྱི་འཇམ་འཐབ་ཀྱི་བསམ་གཞིགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་གང་ལེགས་མཚོན་ཡོད། ཀྲུང་གོ་རྒྱུན་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་ཁོ་ཚོའི་སྐྲག་སྣང་དང་། སེམས་ཁྲལ། བདེ་ཐང་མིན་པའི་སེམས་ཁམས་བཅས་ཀྱང་དམར་རྗེན་དུ་མངོན་ཡོད། ཁོ་ཚོས་འཇམ་འཐབ་བསྐྱར་དུ་སློང་རྒྱུའི་རེ་ངན་བཅངས་པ་དེ་ཀྲུང་གོའི་མི་དམངས་དང་འཛམ་གླིང་གི་ཞི་བདེར་དགའ་བའི་མི་སྣས་མཆིལ་མ་ལྟར་འདོར་ངེས་ཡིན་ལ། ཕམ་ཉེས་ཡོང་ངེས་ཡིན་པས་མཐར་ལོ་རྒྱུས་ཐོག་གི་གད་སྙིགས་ཕུང་གསོག་ཏུ་བསྐྱུར་ངེས་རེད་ཅེས་བརྗོད།
     ཨ་རི་ཕྱོགས་ཀྱིས“ཀྲུང་གོའི་འཇིགས་སྐུལ”ཟེར་བ་འུད་སྒྲོག་བྱས་པར་ལན་སློག་རྒྱུར། དོན་དངོས་ཐོག་དམག་ཤུགས་རྒྱ་བསྐྱེད་ཆེད་ཁ་གཡར་ས་བཙལ་བ་རེད།
     གསར་འགོད་པ་ཞིག་གིས། ཨ་རིའི་མཚོ་དམག་པུའུ་ཀྲང་པུའུ་ལུའེ་སི་ཝེ་ཐེས་ཨ་རིའི་མཚོ་དམག་གི་ཆུར་འཛུལ་དམག་གྲུ་མནའ་འབྲེལ་གྱི་སྒོར་ཅོག་བགྲོ་གླེང་ཚོགས་འདུའི་ཐོག་ཨང་སྒྲིག་དམག་གྲུའི་རུ་ཁག་གསར་པ་ཞིག་བཙུགས་ནས་ཧིན་རྡུ་རྒྱ་མཚོ་ཆེན་མོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འབྲེལ་མཚམས་སུ་བཀོད་སྒྲིག་བྱ་རྒྱུའི་རེ་བ་ཡོད་པ་དང་འབྲེལ། ཀྲུང་གོའི“དམག་དོན་ཧམ་སེམས”ལ་འགྲན་རྒོལ་བྱེད་ཆེད་འཇར་པན་དུ་ཡོད་པའི་དམག་གྲུ་རུ་ཁག་བདུན་པ་ཁོ་ནར་བརྟེན་ན་མི་འདང་བ་རེད་ཅེས་བརྗོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས་པར།
     ཀྲའོ་ལི་ཅན་གྱིས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་པས། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་ཡིན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་ཀྱི་འཕར་སྣོན་ཡིན་པས། གོ་སྐབས་ཡིན་པ་ལས་འཇིགས་སྐུལ་མིན། ཨ་རིའི་མི་ལ་ལས“ཀྲུང་གོའི་འཇིགས་སྐུལ”ཞེས་པ་འུད་སྒྲོག་བྱེད་པར་གོམས་ཡོད། དོན་དངོས་ཐོག་ཨ་རིའི་དམག་ཤུགས་རྒྱ་སྐྱེད་དང་དམག་གྲོན་མང་དུ་གཏོང་བར་ཁ་གཡར་ས་འཚོལ་བ་དང་། དོན་དངོས་ཀྱི་དམིགས་ཡུལ་ནི་ས་ཁུལ་དང་འཛམ་གླིང་གི་བཙན་དབང་དོན་གཉེར་བྱ་རྒྱུ་དེ་རེད་ཅེས་བརྗོད།
     ཀྲའོ་ལི་ཅན་གྱིས་གསལ་སྟོན་བྱེད་དགོས་པ་ཞིག་ནི། ཨ་རིའི་དམག་གྲོན་ནི་འཛམ་གླིང་གི་མང་ཤོས་ཡིན། དམག་དོན་རྟེན་གཞི་འཛམ་གླིང་གི་ས་ཆ་སོ་སོར་ཁྱབ་ཡོད། རྒྱལ་ཁབ་བཙུགས་ནས་ལོ་240ལྷག་ཙམ་སོང་བའི་ལོ་རྒྱུས་ཐོག་ལོ་16ཙམ་ལ་དམག་རྒྱག་མྱོང་མེད། ཡིན་ཡང་ཨ་རིས་རྒྱལ་ཁབ་གཞན་གྱི་འཇིགས་སྐུལ་ལ་སྐྱོན་འཛུགས་ཡང་ཡང་བྱེད་པ་དེ་ནི་ཁུངས་ལུང་མེད་པའི་གཏན་ཚིགས་ཇི་འདྲ་ཞིག་རེད་ཨང་། ང་ཚོས་ཨ་རི་ཕྱོགས་ལ་འཇམ་འཐབ་ཀྱི་བསམ་གཞིགས་དང་བསྡོམས་སྟོང་འཐབ་འགྲན་གྱི་འདུ་ཤེས་དོར་ནས། དོན་དངོས་དང་མཐུན་ལ་དཔྱོད་ཤེས་དང་བཅས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་བཟུང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད།