འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་19ཉིན།

༄༅༎ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་
མེང་ཝན་ཀྲོའུ་དོན་རྐྱེན་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་19ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་18ཉིན་འཚོགས་པའི་ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་མེང་ཝན་ཀྲོའུ་དོན་རྐྱེན་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
     ཨོ་སི་ཁྲུ་ལི་ཡ་དང་རི་པིན་གྱི་འགོ་ཁྲིད་པས་གྲོས་མོལ་བྱས་རྗེས་སྤེལ་བའི་སྨྱན་སྦྱོར་གྱི་གསལ་བསྒྲགས་ནང་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནང་དོན་ལ་ལན་སློག་རྒྱུར། ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
     ཉེ་ཆར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝུའེ་དང་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་མོ་ལི་སེན་དབར《གཉིས་ཕན་འཛུལ་འཐུས་ཆོད་ཡིག》ལ་རྩ་དོན་ཐོག་གྲོས་འཆམ་བྱུང་བར་དམིགས་ནས། ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དེས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་དགོས་པ་དང་། ས་ཁུལ་དང་རྒྱལ་ཁབ་བར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་དགོས་པ། ཞི་བདེའི་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེའི་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་དགོས་པ་ལས་ཕྱོགས་གསུམ་པར་དམིགས་པའམ་ཡང་ན་ཕྱོགས་གསུམ་པའི་ཁེ་ཕན་ལ་གནོད་འཚེ་གཏོང་མི་ཆོག་ཅེས་ཐེངས་མང་པོར་བསྟན་ཡོད་ཅེས་བརྗོད།
     ཀྲའོ་ལི་ཅན་གྱིས“ཨོ་སི་ཁྲུ་ལི་ཡ་དང་རི་པིན་གྱི་འགོ་ཁྲིད་པས་གྲོས་མོལ་བྱས་རྗེས་སྤེལ་བའི་སྨྱན་སྦྱོར་གྱི་གསལ་བསྒྲགས་ནང་། འབྲེལ་ཡོད་གནད་དོན་ཐད་ཀྲུང་གོར་དོན་མེད་སྐྱོན་འཛུགས་བྱས་པ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་མི་དགའ་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་བརྗོད་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ་ཀྲུང་གོའི་བདག་དབང་དང་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ནོར་འཁྲུལ་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་ཞེས་བརྗོད་པ་རེད།
     ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་དང་རིམས་འགོག་སྨན་ཁབ་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་པའི་འཕེལ་རིམ་ངོ་སྤྲོད་བྱས་པ།
     ཀྲུང་གོ་ཕྱོགས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་སྐོར་གྱི་དྲི་བར་ལན་འདེབས་སྐབས། ཀྲའོ་ལི་ཅན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་གོ་སྲིད་གཞུང་གིས་འཕྲལ་མ་ཉིད་དུ་གསོན་གསོད་རིམས་འགོག་སྨན་ཁབ་དང་། བསྐྱར་སྒྲིག་སྤྲི་དཀར་རིམས་འགོག་སྨན་ཁབ། གཤེར་རྨེན་ནད་དུག་ཐེག་བྱེད་རིམས་འགོག་སྨན་ཁབ། དུག་ཉུང་དུ་གཏོང་བའི་ཆམ་རིམས་ནད་དུག་ཐེག་བྱེད་རིམས་འགོག་སྨན་ཁབ། ཉིང་སྐྱུར་རིམས་འགོག་སྨན་ཁབ་བཅས་ལག་རྩལ་ལམ་ཐིག་ཁག་ལྔ་བཀོད་སྒྲིག་བྱས་ནས་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་གསར་སྤེལ་ལས་དོན་སྤེལ་བ་རེད། ཀྲུང་གོའི་རིམས་འགོག་སྨན་ཁབ་5ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། པ་ཞི། ཕ་ཁི་སི་ཐན། ཕེ་རུ་སོགས་རྒྱལ་ཁབ་མང་པོར་དུས་ཐེངས་Ⅲཔའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་བཞིན་ཡོད། གཞན་ཡང་རིམས་འགོག་སྨན་ཁབ་མང་པོ་ཞིག་གིས་དུས་ཐེངས་Ⅰཔོ་དང་དུས་ཐེངས་Ⅱཔའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
     ཁོང་གིས“ཀྲུང་གོའི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཚན་པ་དང་རྒྱ་ཆེའི་ཚན་ཞིབ་ལས་དོན་པས་ཚན་རིག་གི་ཆོས་ཉིད་དང་ལྟ་སྐུལ་དོ་དམ་གྱི་བླང་བྱ་གཞིར་བཟུང་། ཉིན་མཚན་བལྟོས་མེད་དང་ནུས་ཤུགས་ཡོད་རྒུས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་བཏང་ནས་དེའི་ཐད་དཀའ་སྤྱད་འབད་བརྩོན་བྱས་ཡོད། ང་ཚང་མ་དང་འདྲ་བར་ཁོ་ཚོའི་འཕྲིན་བཟང་སྔ་ཙམ་ཐོས་རྒྱུར་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།
     ཀྲའོ་ལི་ཅན་གྱིས་ད་དུང་ཀྲུང་གོ་སྲིད་གཞུང་དང་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་ཀྱི་ཐབས་ལམ་བརྒྱུད་རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དང་རིམས་ཐར་མནའ་འབྲེལ། རིམས་ནད་སྔོན་འགོག་གསར་གཏོད་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི“གོ་ལ་ཧྲིལ་པོས་མཉམ་ལས་ཐོག་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལག་ཆ་གསར་པ་མགྱོགས་མྱུར་གསར་སྤེལ་དང་། ཐོན་སྐྱེད། དྲང་གཞག་ངང་རག་པའི”གྲོས་འགོ་དང“མཐུན་སྒྲིལ་འཆར་གཞིའི”རྒྱལ་སྤྱིའི་ལྟེ་གནས་མང་པོའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ནང་ཞུགས་ཡོད། རིམས་འགོག་སྨན་ཁབ་འདྲ་མཉམ་བགོ་བཤའ་རྒྱག་རྒྱུར་སྐུལ་འདེད་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱ་རྒྱུ་འགན་ལེན་བྱེད་པ་དང་ཆབས་ཅིག་ནུས་པ་ལྡན་པའི་རྒྱལ་ཁབ་དེ་བས་མང་བས“ལག་བསྟར་འཆར་གཞིར”རྒྱབ་སྐྱོར་བྱ་རྒྱུར་སྣེ་ཁྲིད་ཐུབ་པའི་ཆེད་དུ། ཀྲུང་གོ་ཕྱོགས་ད་དུང“ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིའི”ནང་ཞུགས་ཡོད་རེད་ཅེས་བརྗོད།
     ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལེགས་འགྲུབ་བྱུང་རྗེས་སྔ་ཙམ་ནས‘ལག་བསྟར་འཆར་གཞིའི’ཉོ་སྒྲུབ་རྩིས་ཐོའི་ནང་བཅུག་ནས། རིམས་འགོག་སྨན་ཁབ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་དུས་ཐོག་རང་བཞིན་དང་འཁུར་ཐུབ་རང་བཞིན་མངོན་འགྱུར་ཡོང་བར་རང་ངོས་ཀྱི་བྱས་རྗེས་འཇོག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།
     ཨ་རིའི་སྲིད་ཚོང་པ་ཁ་ཤས་ཀྱི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གཏམ་འཆལ་ལ་དགག་པ་རྒྱག་རྒྱུར། ཆོས་ལུགས་ཀྱི་གནད་དོན་བེད་སྤྱད་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས།
     ཉེ་ཆར་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཀྲུང་གོའི་ཆོས་ལུགས་སྲིད་ཇུས་ཐད་གཏམ་འཆལ་བཤད་པར་དམིགས་ནས། ཀྲའོ་ལི་ཅན་གྱིས་ཕེང་ཕེ་ཨའོ་ཡིས“ཆོས་ལུགས་རང་དབང”ཟེར་བ་སོགས་ཀྱི་གནད་དོན་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་ལ་རྐང་བརྡ་ལག་བརྡ་དང་དམའ་འབེབས་དང་ནག་བཟོ་བྱེད་རྒྱུར་གོམས་ཡོད། “དེར་དམིགས་ནས་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་ཐེངས་མང་བསྟན་ཡོད། ང་ཚོས་རྒྱལ་ཁབ་ཁ་ཤས་ཀྱིས་ཨ་རི་དང་མཉམ་དུ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་བརྗོད།
     ཀྲའོ་ལི་ཅན་གྱིས་དེ་དང་བསྡུར་ན་ཨ་རིའི་རྒྱལ་ནང་གི་ཆོས་ལུགས་གནས་ཚུལ་ནི་མི་རྣམས་ཀྱིས་སེམས་ཁྲལ་བྱེད་དགོས་པ་ཞིག་རེད། ཨ་རིའི་རྒྱལ་ནང་དུ་ཡུན་རིང་རང་བཞིན་དང་རྒྱུད་རིམ་རང་བཞིན་གྱི་རིགས་རྒྱུད་མཐོང་ཆུང་གི་གནད་དོན་གནས་ཡོད། ཀེ་ལུའོ་ཕུའུ་དང་ཕི་ཡིའུ་ལྟེ་གནས་ཀྱི་དམངས་འདོད་བརྟག་དཔྱད་ཀྱི་གྲངས་གཞི་ཞིག་ལས་མངོན་པར་གཞིགས་ན། 75%ཡི་ཨ་རིའི་མུའུ་སི་ལིན་གྱིས་ཨ་རིའི་སྤྱི་ཚོགས་ཀྱིས་མུའུ་སི་ལིན་ལ་མཐོང་ཆུང་ཆེན་པོ་བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།
     ཁོང་གིས“ཨ་རི་སོགས་རྒྱལ་ཁབ་ཁ་ཤས་ཀྱི་སྲིད་ཚོང་པས་རང་སྐྱོན་ལ་མང་ཙམ་བལྟས་ནས། ཆོས་ལུགས་ཀྱི་གནད་དོན་བེད་སྤྱད་དེ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས། ང་ཚོས་ཀྱང་རྒྱལ་ཁབ་ཁ་ཤས་ལ་ཨ་རིའི་གཡོ་འོག་ཏུ་ཚུད་ནས་ཨ་རིའི་ཡོ་བྱད་དུ་བྱེད་མི་ཉན་པའི་ཁ་ཏ་བྱ་རྒྱུ་ཡིན”ཞེས་བཤད།
     ཐའེ་ཝན་དང་འབྲེལ་བའི་གནད་དོན་ལ་དྲིས་ལན་འདེབས་སྐབས། ཀྲའོ་ལི་ཅན་གྱིས་ཐའེ་ཝན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། “ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ལ་ཀྲུང་གོ་གཅིག་གི་རྩ་དོན་ནན་སྲུང་ཏན་ཏིག་བྱེད་དགོས་པ་དང་། ཀྲུང་གོའི་བདག་དབང་ལ་བརྩི་འཇོག་བྱ་དགོས་པ་ལས། ‘ཐའེ་ཝན་རང་བཙན’གྱི་ཁ་ཕྲལ་སྟོབས་ཤུགས་ལ་གར་སྟེགས་འདོན་སྤྲོད་བྱེད་མི་རུང་བ་དང་། ཐའེ་ཝན་དབང་འཛིན་ལས་ཁུངས་དང་རྣམ་པ་གང་རུང་གི་གཞུང་ཕྱོགས་ཀྱི་འབྲེལ་གཏུག་བྱེད་མི་རུང་བའི་ཁ་ཏ་བྱ་རྒྱུ་ཡིན། ཀྲུང་གོ་གཅིག་གི་རྩ་དོན་དང་འགལ་བ་དང་། ཕྱི་རྒྱལ་ལ་བརྟེན་ནས་རང་བཙན་གཉེར་བ། ངོགས་གཉིས་ཀྱི་འབྲེལ་བར་གཏོར་བཤིག་གཏོང་བ་བཅས་ཀྱི་ལྐོག་གཡོ་དང་བྱ་སྤྱོད་གང་ཞིག་ཡིན་རུང་ལམ་ལྷོངས་ཡོང་མི་སྲིད”ཅེས་བརྗོད།
     ཁ་ན་ཏ་ཕྱོགས་ཀྱིས་འཕྲལ་དུ་མེང་ཝན་ཀྲོའུ་དོན་རྐྱེན་ཐག་གཅོད་འོས་འཚམ་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན།
     གནས་ཚུལ་སྤེལ་བར་གཞིགས་ན། ཁ་ན་ཏ་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་ཉེ་ཆར་མེང་ཝན་ཀྲོའུ་ཡི་གྱོད་གཞིའི་དཔང་ཉན་ཚོགས་འདུའི་ཐོག་ཁྲིམས་རར་དཔང་པོ་བྱེད་པར་ཡོང་རྒྱུ་ཁས་མ་བླངས་པར་དམིགས་ནས། ཀྲའོ་ལི་ཅན་གྱིས། ཁ་ན་ཏ་ཕྱོགས་ཀྱི་ཇེ་བཀབ་ཇེ་གསལ་གྱི་བྱེད་ཐབས་ཀྱིས་མི་དེ་བས་མང་བའི་སེམས་པར་དོགས་པ་སྐྱེ་རུ་འཇུག་པ་དང་དུས་མཚུངས་མེང་ཝན་ཀྲོའུ་དོན་རྐྱེན་གྱི་ཆབ་སྲིད་ཀྱི་ངོ་བོ་དེ་བས་གསལ་པོར་མཐོང་འཇུག་ཡོད་ཅེས་བརྗོད།
     ཁོང་གིས“ངས‘བཙན་ཤེད་ཕྱི་འབྲེལ’ཞེས་གང་སར་འུད་བརྗོད་བྱེད་བཞིན་པའི་ཁ་ན་ཏའི་སྲིད་ཚོང་བ་དེ་དག་ལ་འདྲི་འདོད་པ་ཞིག་ནི། ཁོ་ཚོས་ཅིའི་ཕྱིར་མེང་ཝན་ཀྲོའུ་དོན་རྐྱེན་ཁྲོད་རྒྱུན་མི་ཆད་པར་ཐོན་བའི་དོགས་གནད་དེར་འོན་ལྐུགས་ཡིན་ཁུལ་བྱས་ནས། ཁ་ན་ཏའི་མང་ཚོགས་ལ་མགོ་སྐོར་གཏོང་བ་དང་ལོག་ལམ་དུ་ཁྲིད་པ་ཡིན་ནམ། ཁ་ན་ཏ་ཕྱོགས་ཀྱིས་གནས་ཚུལ་ངོ་མ་སྦས་གསང་གང་ཐུབ་ཇི་ལྟར་བྱས་པ་དང་། གླེང་ཕྱོགས་ལོག་ལམ་དུ་ཇི་ལྟར་ཁྲིད་ཀྱང་ཁོང་ཚོ་རང་ཉིད་ཀྱི་འགན་འཁྲི་ལས་ཐར་ཐབས་མེད”ཅེས་བཤད།
     “ང་ཚོས་ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མདུན་སྐྱོད་དང་བྱེད་ཐབས་སྤྱད་དེ་ནོར་འཁྲུལ་ཡོ་བསྲང་བྱས་ནས་མེང་ཝན་ཀྲོའུ་དོན་རྐྱེན་འཕྲལ་དུ་ཐག་གཅོད་འོས་འཚམ་བྱས་ཏེ་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་རྒྱུན་གཏན་གྱི་སྲོལ་ལམ་ཐོག་བསྐྱར་ལོག་ཡོང་ཆེད་འབད་བརྩོན་ཏན་ཏིག་བྱེད་དགོས་པའི་སྐུལ་མ་ཡང་བསྐྱར་གཏོང་རྒྱུ་ཡིན”ཞེས་ཀྲའོ་ལི་ཅན་གྱིས་བཤད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830264.html)