འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་19ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གིས། “ཐའེ་ཝན་རང་བཙན”གྱི་ངན་རེངས་པར་ཁྲིམས་ལྟར་
རྡུང་རྡེག་གཏོང་རྒྱུའི་དམིགས་ཡུལ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཁེ་ཕན་སྲུང་སྐྱོང་བྱ་ཆེད་རེད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་19ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལེན་གྱིས་ཚེས་18ཉིན་དྲིས་ལན་འདེབས་དོན། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་དང་དེའི་བྱེད་སྒོ་ནི་ཐའེ་ཝན་མཚོ་འགག་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་གི་འཇིགས་སྐུལ་ཆེ་ཤོས་ཡིན་ལ། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བའི་འགོག་རྐྱེན་ཆེ་ཤོས་ཀྱང་ཡིན། “ཐའེ་ཝན་རང་བཙན”གྱི་ངན་རེངས་པ་ཉུང་ཤས་ཀྱིས་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་། ཁོ་ཚོ་དང་དེའི་སྦྱིན་བདག་སོགས་རྒྱབ་སྐྱོར་བྱེད་མཁན་གཙོ་བོར་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་དམིགས་ཡུལ་ནི་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་དང་ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གང་ལེགས་བྱེད་ཆེད་ཡིན།
     གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས་ན། སྐམ་ས་ཆེན་མོའི་འབྲེལ་ཡོད་ཕྱོགས་ཀྱིས“ཐའེ་ཝན་རང་བཙན”གྱི་ངན་རེངས་པའི་མིང་ཐོ་ཞིག་ཞིབ་འཇུག་བྱས་ནས་བཟོ་བཞིན་ཡོད་པས་གླིང་ཕྲན་ཕྱི་ནང་གི“ཐའེ་ཝན་རང་བཙན”གྱི་སྟོབས་ཤུགས་ལ་རྡུང་རྡེག་གནད་སྨིན་གཏོང་རྒྱུ་ཡིན་ཟེར་བས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གིས་དེར་བདེན་དཔང་བྱས་ཆོག་གམ་ཞེས་དྲིས་པར། ཀྲུའུ་ཧྥེང་ལེན་གྱིས་གོང་གི་ལན་བཏབ་པ་རེད།
     ཀྲུའུ་ཧྥེང་ལེན་གྱིས། “ཐའེ་ཝན་རང་བཙན”ནི་ཐར་ས་མེད་པའི་འཆི་ལམ་ཞིག་ཡིན་པས། སྤུན་ཟླ་ཐའེ་ཝན་པར་གོད་ཆག་བཟོ་པ་ལས་མ་འདས། མཚོ་འགག་ངོགས་གཉིས་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་འགོག་ཐབས་བྲལ་བའི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པས། ལམ་ནོར་རྒྱུན་འཁྱོངས་དང་མཁྲེགས་བཟུང་མཐའ་སྐྱེལ་བྱེད་མཁན“ཐའེ་ཝན་རང་བཙན”པར་མི་དམངས་ཀྱི་རྒོལ་གཏམ་དང་ལོ་རྒྱུས་ཀྱི་ཆད་པ་ཕོག་ངེས་ཡིན་ཞེས་བརྗོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830262.html)