འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་19ཉིན།

༄༅།།གཟི་ཚ་སྡེ་དགུའི་འཕོ་འགྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་19ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་དུས་སི་ཁྲོན་ནུབ་བྱང་དུ་གནས་པའི་གཟི་ཚ་སྡེ་དགུར་གྲང་རླུང་འུར་འུར་ལྡང་མོད། འོན་ཀྱང་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་གཟི་ཚ་སྡེ་དགུའི་དགུན་དུས་ཀྱི་མཛེས་ལྗོངས་ལྟ་འདོད་པའི་ཡུལ་སྐོར་བའི་བློ་འགོག་ག་ལ་ཐུབ། ཟླ་11ཚེས་10ཉིན་ཁོ་ནར་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་6000ཙམ་ལ་སྣེ་ལེན་ཞུས་ཡོད།
    ལོ་གསུམ་གྱི་གོང་དུ་གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7བརྒྱབ་སྟེ་མི་216597ལ་གནོད་འཚེ་ཕོག་པ་དང་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་80.43ཕོག་ཤིང་། “མི་ཡུལ་གྱི་གནས་མཆོག”ཅེས་གྲགས་པའི་འཛམ་གླིང་རང་བྱུང་ཤུལ་བཞག་སྲུང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་ལའང་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། 2017ལོའི་ཟླ་11པར་སྒོར་དུང་ཕྱུར་110ལྷག་ཙམ་བཏང་བའི་རྣམ་གྲངས་200ལྷག་ཙམ་ཡོད་པའི་གཟི་ཚྭ་སྡེ་དགུའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པས་ད་ཆ་གཟི་ཚ་སྡེ་དགུར་སླར་ཡང་གསོན་ཤུགས་རྒྱས་ནས་དམངས་འཚོ་དང་ཡུལ་སྐོར་སོགས་ཀྱི་ཐོན་ལས་རིམ་སྤོར་བྱུང་བཞིན་ཡོད།
    བོད་རིགས་བུ་མོ་དབང་མོ་ལས་ཀ་བྱེད་སའི་མགྲོན་ཁང་ས་ཡོམ་གྱིས་རྐྱེན་པས་ལས་གཉེར་བྱེད་འགོ་འཛུགས་མ་ཐག་ལས་མཚམས་འཇོག་དགོས་བྱུང་ཞིང་། ཁོང་ཁྱིམ་གྱིས་གཙང་རྩ་གྲོང་རྡལ་དུ་ལོ་20ལྷག་ཙམ་གཉེར་བའི་མགྲོན་ཁང་དེའང་ཡུལ་སྐོར་ལས་རིགས་མཚམས་འཇོག་བྱས་པ་ལས་སྒོ་རྒྱག་དགོས་བྱུང་ཡོད། དེ་རྗེས་ཀྱི་དུས་ཡུན་རིང་པོའི་ནང་གཙང་རྩ་གྲོང་རྡལ་རེ་ཞིག་འཇམ་ཐིང་ཐིང་དུ་གྱུར།
    བསྐྱར་སྐྲུན་འཆར་འགོད་བཏོན་རྗེས་རྣམ་གྲངས་འཛུགས་སྐྲུན་སྣ་ཚོགས་རྟ་ཕོ་ལྕག་གིས་སྐུལ་བ་ལྟར་ཚ་ཚ་འུར་འུར་དུ་སྐྲུན་ཞིང་། ས་གནས་དེ་གའི་གཞུང་ལམ་དང་། སྡོད་ཁང་། ཆུ་མཁོ་འདོན། བཙོག་ཆུ། གློག་སྦུག་དྲ་བ་སོགས་ཉམས་གསོ་དང་བསྐྱར་སྐྲུན་རྣམ་གྲངས་ལེགས་གྲུབ་བྱུང་བ་དང་བསྟུན་ནས་གཟི་ཚ་སྡེ་དགུའི་ཡུལ་སྐོར་ལས་རིགས་ཀྱང་རིམ་བཞིན་སླར་གསོ་བྱུང་ཡོད།
   གསར་འགོད་པ་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ཕྱི་རོལ་གྱི་གསར་དུ་བསྐྲུན་པའི་ཁྲོན་གཟི་གཞུང་ལམ་ཐོག་སྐྱོད་སྐབས་གྲལ་སྟར་འགྲིག་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་། ཟ་ཁང་། ཨར་ཁང་བཅས་ཀྱི་མདུན་དུ་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཧ་ཅང་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མཐོང་བྱུང་།
   དབང་མོས“འདི་ལོའི་ཟླ་9པར་ཨར་ཁང་བསྐྱར་དུ་ལས་གཉེར་བྱེད་འགོ་ཚུགས་པས་ཉིན་མཚན་མེད་པར་ཕ་ཡུལ་དྲན་པའི་ང་ཡང་ཕ་ཡུལ་དུ་ལས་ཀ་བྱེད་པར་ཡོང་བ་ཡིན”ཞེས་བརྗོད།
    མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ཚོན་མདངས་རྣམ་པར་བཀྲ་བའི་མེ་སྟག་མཚོར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་དེ་དག་ས་ཡོམ་ཁྲོད་རེ་ཞིག་མེད་པར་གྱུར་བ་ཁོང་ཚོའི་བསམ་ཡུལ་ལས་འདས་ངེས་རེད།
    གཟི་ཚ་སྡེ་དགུ་དོ་དམ་ཅུས་ཚན་ཞིབ་ཁྲུའུ་ཡི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཤའོ་ཝུའེ་དབྱང་གིས་གསར་འགོད་པར། ས་ཡོམ་རྗེས་ལྟ་བས་མི་བཟོད་པའི་མེ་སྟག་མཚོའི་རྣམ་པ་དག་བརྗོད་པ་སྟེ“མེ་སྟག་མཚོ་ཆུ་ལམ་ཞིག་ཏུ་གྱུར་ནས་རེ་ཞིག་མཐོང་རྒྱུ་མི་འདུག ཀལ་ཧྭ་དེའུ་འབུར་དག་ཕྱིར་མངོན་པ་མ་ཟད། ནོར་རི་ལང་རྦབ་ཆུ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་ཡང་སྐབས་དེར་ཉེན་ཁའི་གནས་སུ་གྱར་ཡོད”ཅེས་བརྗོད།
   ལོ་ཁྲི་སྟོང་མང་པོ་སྲུང་སྐྱོང་བྱས་པ་ལས་གྲུབ་པའི་ཀའེ་ཧྭ་དེའུ་འབུར་ནི་ས་ཡོམ་རྗེས་ཀྱི་སྣོད་བཅུད་སླར་གསོའི་དཀའ་གནད་ཅིག་ཏུ་གྱུར་ཡོད། དེ་རྗེས་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྲགས་ཅན་གྱིས་མཉམ་འབྲེལ་ཐོག་ཆང་འབྲས་ཀྱི་ཐལ་ཁུ་དང་། ཡོམ་སྐྱོན་ཤོར་བའི་ཀལ་ཧྭ། གས་རྡིབ་ཤོར་བའི་རྡོ་ཧྲུག་སོགས་རྒྱུ་ཆ་གཙོ་བོར་བྱས་པའི་ལག་རྩལ་གསར་པའི་ཉམས་གསོའི་ཇུས་གཞི་བཟོས་པ་རེད། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཚན་ཞིབ་མི་སྣ་ཞིག་གིས“རྒྱུ་ཆ་རང་ས་ནས་ལེན་པ་དེས་རང་བྱུང་གི་རང་མདངས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱུན་འཁྱོངས་ཐུབ་ཡོད”ཅེས་བརྗོད།
   ཤའོ་ཝུའེ་དབྱང་གིས“ཉམས་གསོ་ཕུད་སྲུང་སྐྱོང་ཐད་ལའང་ཚན་རྩལ་གྱི་བྱེད་ཐབས་སྣ་ཚོགས་སྤྱད་ཡོད། ད་ཆ་ཀལ་ཧྭ་དེའུ་འབུར་གྱི་ཆུ་རགས་སྟེང་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་སྣ་ཚོགས་སྒྲིག་སྦྱོར་བྱས་པས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་སྣ་ཚོགས་བལྟས་པ་ཙམ་གྱིས་རྟོགས་ཐུབ”ཅེས་བརྗོད།
   ལོ་གསུམ་གྱི་རིང་། གཟི་ཚ་སྡེ་དགུའི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གནད་དུ་རང་འགུལ་ཅན་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་400ལྷག་ཙམ་སྒྲིག་སྦྱོར་བྱས་པས“ལག་རྩལ་སྔོན་འགོག་གཙོ་བོ་དང་། མི་ཐབས་སྔོན་འགོག་ཕལ་པར་བྱེད་པའི”ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་ཅིག་གྲུབ་ཡོད།
   ཆིང་ཧྭ་སློབ་ཆེན་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་གི་བཟོ་སྐྲུན་པ་དབྱིན་གོ་ཏུང་གིས་ངོ་སྤྲོད་བྱས་པར། སྐྲུན་བཞིན་པའི་ལངས་གཟུགས་རྣམ་པའི་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་ལའང་ཚན་རྩལ་འདུས་ཚད་ཧ་ཅང་མཐོ་པོ་ཡོད། དེའི་ནང་རིག་ལྡན་དོ་དམ་ལྟེ་གནས་དང་། ཤུལ་བཞག་མཛེས་ལྗོངས། སྣོད་བཅུད་སྲུང་སྐྱོང་གི་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་ཚུད་ཡོད་པ་རེད།
    ལོ་10ལ་སླེབས་པའི་ཆི་ཞུའེ་རུའེ་ཡི་ངོས་ནས་བརྗོད་ན། གེགས་རྗེས་བསྐྱར་སྐྲུན་བྱས་པའི་གཟི་ཚ་སྡེ་དགུའི་སློབ་ཆུང་དུ་བསྐྱོད་རྒྱུ་བྱུང་བ་ནི་ཧ་ཅང་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་རེད། སློབ་གྲྭའི་སྒོ་རྩར་སླེབས་སྐབས་ངོ་རིས་ངོས་འཛིན་ཆས་ཀྱིས་དྲ་ཐོག་ཏུ་འབྱོར་ཐོ་འགོད་པ་དང་། འཛིན་གྲྭའི་སྒོ་འགྲམ་དུ་སླེབས་སྐབས་རིག་ལྡན་སློབ་གྲྭའི་གློག་རྡུལ་འཛིན་གྲྭའི་སྒོ་རྟགས་མནན་ཚེ་དེ་ཉིན་གྱི་སློབ་ཚན་བཀོད་སྒྲིག་མཐོང་ཐུབ། བརྙན་ཤེལ་ཆེན་པོ་དང་པར་ཆས་བརྒྱུད་གྲོང་ཁྱེར་གཞན་གྱི་སློབ་ཆུང་སློབ་མ་དང་མཉམ་དུ་སློབ་ཚན་ཉན་ཐུབ་པ་སོགས་ཡངས་ཤིང་རྒྱ་ཆེ་བའི་དཔེ་དེབ་ཁང་དང་དེང་རབས་ཅན་གྱི་གློག་ཆས་སློབ་ཁྲིད་སྒྲིག་ཆས་ཀྱིས་ལུང་ཁུག་གི་བོད་རིགས་ཕྲུ་གུ་ཚོར་ངོ་མཚར་གྱི་རྣམ་པ་གསར་པ་ཞིག་སྦྱིན་ཡོད།
   གཟི་ཚ་སྡེ་དགུ་སློབ་ཆུང་གི་སློབ་སྤྱི་ཀྲའོ་གོ་ཧྥུའུ་ཡིས “གསར་དུ་བསྐྲུན་པའི་གཟི་ཚ་སྡེ་དགུའི་སློབ་ཆུང་ལ་ཆ་འཕྲིན་སྒྲིག་ཆས་འབོར་ཆེན་ཡོད་པ་དེ་དག་མི་རིགས་ས་ཁུལ་གྱི་སློབ་གསོའི་ཕྱི་ཕྱོགས་སྤེལ་རེས་ཀྱི་དཔེ་སྟོན་སྐར་ཁུང་ཞིག་ཏུ་གྱུར་ཡོད”ཅེས་བརྗོད།
   གཟི་ཚ་སྡེ་དགུ་རྫོང་བསྐྱར་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཅན་གྱིས་གཟི་ཚ་སྡེ་དགུ་བསྐྱར་སྐྲུན་ནི་དམངས་འཚོ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་སློབ་གྲྭ་14དང་། སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་7 གད་སྙིགས་དབྱེ་སེལ་བཟོ་གྲྭ་1སོགས་རྣམ་གྲངས་གསར་དུ་སྐྲུན་ཡོད་ལ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའང་ཇེ་ལེགས་སུ་སོང་ཡོད་ཅེས་ངོ་སྤྲོད་བྱས།
   སི་ཁྲོན་གཟི་ཚ་སྡེ་དགུའི་ལུའུ་ནེང་གི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་ཚོང་ལས་རོལ་རྩེད་ཉམས་ལེན་ལྟེ་གནས་དང་རྩེར་སོན་སྤྲོ་གསེང་ཨར་ཁང་སོགས་འཆར་འགོད་བྱས་པ་ལས་ཡུལ་སྐོར་བར་སྤུས་ལེགས་ཀྱི་སྤྲོ་གསེང་ཉམས་ལེན་ཐོན་རྫས་མཁོ་འདོན་བྱས་ཏེ་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས།
   སང་ལོ་གཙང་རྩ་གྲོང་རྡལ་དུ་སྐྲུན་མཇུག་སྒྲིལ་རྒྱུ་ཡིན་པའི་གཟི་ཚ་སྡེ་དགུ་རྫོང་གི་ཚོང་ལས་གློག་བརྙན་ཁང་དང་པོ་དེར་དབང་མོས་རེ་སྒུག་བྱེད་བཞིན“ཕ་ཡུལ་དུ་གཞི་ནས་གློག་བརྙན་ལྟ་ཐུབ་རེ་འདུག”ཅེས་བརྗོད།