འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་17ཉིན།

༄༅།།སི་ཁྲོན་དཀར་མཛེས་ཀྲོའུ་ཡིས། དགུན་དཔྱིད་ཡུལ་སྐོར་གྱི་སྤ་སེའི་རིན་གོང་རྩ་ཆག་གཏོང་བའི་
སྲིད་ཇུས་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་17ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་11ཚེས་15ཉིན་ནས་སང་ལོའི་ཟླ་2ཚེས་1ཉིན་བར་ཀྲོའུ་དེའི་Aརིམ་པའི་མཛེས་ལྗོངས་ཁུལ་67གྱིས་རྒྱ་ཆེའི་ཡུལ་སྐོར་བར་སྤ་སེའི་རིན་གོང་རྩ་ཆག་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་རེད།
     དཀར་མཛེས་ཀྲོའུ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅུའེ་སིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་དཀར་མཛེས་ཀྲོའུ་བཙུགས་ནས་ལོ་ངོ་70འཁོར་བའི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་རེད། གཟིགས་སྐྱོང་སྲིད་ཇུས་ལ་ཕྱོགས་གསུམ་ཚུད་ཡོད་པ་སྟེ། གཅིག་ནི་སྤ་སེའི་རིན་གོང་རྩ་ཆག་གཏོང་རྒྱུ་ཡིན་ཞིང་། 2020ལོའི་ཟླ་11ཚེས་15ཉིན་ནས་2021ལོའི་ཟླ་2ཚེས་1ཉིན་གོང་བར། A5རིམ་པའི་མཛེས་ལྗོངས་ཁུལ་1དང་། A4རིམ་པའི་མཛེས་ལྗོངས་ཁུལ་16 A3རིམ་པའི་མཛེས་ལྗོངས་ཁུལ་50བཅས་ཚུད་པའི་ཀྲོའུ་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་ཚང་མར་སྤ་སེ་ཉོ་མི་དགོས་པ་དང་། གཉིས་ནི་མགྲོན་ཁང་གི་རིན་གོང་ཕྱེད་ཀ་གཅོག་རྒྱུ་ཡིན་ཞིང་། 2020ལོའི་ཟླ་11ཚེས་15ཉིན་ནས་2021ལོའི་ཟླ་3ཚེས་31ཉིན་གོང་བར། ཀྲོའུ་ཡོངས་ཀྱི་ད་ཐེངས་ཀྱི་གཟིགས་སྐྱོང་བྱེད་སྒོའི་ནང་ཚུད་པའི་སྐར་མ་རིམ་པའི་མགྲོན་ཁང་དང་། སྤུས་རྟགས་མགྲོན་ཁང་། སྤུས་ལེགས་མགྲོན་ཁང་། སྐར་མ་རིམ་པའི་འགྲུལ་ཁང་སོགས་སྣེ་ལེན་སྒྲིག་བཀོད་གཙོ་བོའི་གཏན་འཁེལ་རིན་གོང་གི་50%ལྟར་ལག་བསྟར་བྱ་རྒྱུ། གསུམ་ནི་གནམ་གྲུའི་སྤ་སེའི་རིན་གོང་གཅོག་རྒྱུ་ཡིན་ཞིང་། 2020ལོའི་ཟླ་11ཚེས་15ཉིན་ནས་2021ལོའི་ཟླ་3ཚེས་24ཉིན་གོང་བར། སི་ཁྲོན་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་བསྡད་དེ་དར་རྩེ་མདོ་གནམ་ཐང་ནས་འགྲོ་འོང་བྱས་ན་གནམ་གྲུའི་སྤ་སེའི་རིན་གོང་90%ནས་རིམ་པས་གཅོག་རྒྱུ་དང་། འདབ་པ་ཡཱ་ཏིང་གནམ་ཐང་གི་གནམ་གྲུའི་སྤ་སེའི་རིན་གོང་70%ནས་རིམ་པས་གཅོག་རྒྱུ། གེ་སར་གནམ་ཐང་གི་གནམ་གྲུའི་སྤ་སེའི་རིན་གོང་40%ནས་རིམ་པས་གཅོག་རྒྱུ་བཅས་རེད།