འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་16ཉིན།

༄༅༎དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་དབྱིན་ཇི་ཕྱོགས་ཀྱི་དོན་མེད་སྐྱོན་འཛུགས་ཕྱིར་སློག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་16ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ལོན་ཏོན་ནས་གློག་འཕྲིན་འབྱོར་གསལ། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་13ཉིན་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཞའོ་མིང་གིས་དབྱིན་ཇིའི་ཕྱི་འབྲེལ་འཕེལ་རྒྱས་པུའི་རྒྱུན་ལས་དཔོན་གཞོན་པ་པ་ཏུན་དང་ཐུག་འཕྲད་བྱེད་དུས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིའི་ཐོབ་ཐང་སྐོར་གྱི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་དབྱིན་ཇི་ཕྱོགས་ཀྱིས་དོན་མེད་སྐྱོན་འཛུགས་བྱས་པ་དེ་མཐའ་གཅིག་ཏུ་ཕྱིར་སློག་བྱས་པ་དང་འབྲེལ་དབྱིན་ཇི་ཕྱོགས་ཀྱི་གཏམ་སྤྱོད་ནོར་འཁྲུལ་ཅན་ལ་དམིགས་ནས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནན་པོ་གསལ་བཤད་བྱས་ཡོད།
     ལིའུ་ཞའོ་མིང་གིས། ཉེ་ཆར་དབྱིན་ཇིའི་ཕྱི་འབྲེལ་འཕེལ་རྒྱས་པུའི་མཐོ་རིམ་དཔོན་རིགས་ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིའི་ཐོབ་ཐང་སྐོར་གྱི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལ་དོན་མེད་སྐྱོན་འཛུགས་ཐེངས་མང་བྱས་ནས་ཞང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་མངོན་སུམ་འཛེམ་མེད་ངང་ཐེ་ཇུས་བྱས་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་གཏན་ནས་མི་དགའ་བ་སྟོན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད།
     ལིའུ་ཞའོ་མིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནི་ཀྲུང་གོའི་ཆེས་མཐོའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་རྒྱུན་གནས་ལས་ཁུངས་ཡིན་པས། ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་རྩ་ཁྲིམས་རང་བཞིན་གྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་དབང་ཆ་ཡོད། དེའི་བཅའ་ཁྲིམས་ཀྱི་ནུས་པ་དང་དབང་གྲགས་རང་བཞིན་ལ་འགྲན་སློང་བྱེད་མི་རུང་། གཞུང་ཞབས་མི་སྣ་དང་ལྷག་པར་དུ་ཁྲིམས་འཛུགས་དབང་ཆ་ལྡན་པའི་གྲོས་མིས་རང་རྒྱལ་ཁབ་ཀྱི་རྩ་ཁྲིམས་རང་བཞིན་གྱི་བཅའ་ཁྲིམས་ལ་བརྩི་བཀུར་དང་མེས་རྒྱལ་ལ་སྲི་ཞུ་བྱེད་པ་ནི་རྒྱལ་ཁབ་ཁག་གི་གཞི་རྩའི་ཆབ་སྲིད་མི་ཆོས་ཡིན་པས། གྲོས་མི་ཚུད་པའི་གཞུང་ལས་པས་དམ་ཚིག་དང་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་པའི་བྱེད་སྤྱོད་ལ་རྒྱལ་ཁབ་གང་ཞིག་གིས་ཀྱང་རང་དགར་བཞག་མེད། ཁྲིམས་དང་འགལ་མཁན་གྱིས་ངེས་པར་དུ་ཁྲིམས་འབྲེལ་འགན་འཁྲི་འཁུར་དགོས། འདི་ནི་ཁྲིམས་སྐྱོང་སྤྱི་ཚོགས་གང་རུང་ཞིག་གི་གཞི་རྩའི་ཚད་གཞི་ཡིན་ཞེས་བརྗོད།
     ལིའུ་ཞའོ་མིང་གིས་ཞང་ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ཁུལ་ཞིག་ཡིན་ཞིང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིའི་ཐོབ་ཐང་གི་གནད་དོན་ནི་ཀྲུང་གོའི་ནང་སྲིད་རང་ཡིན་པས། རྒྱལ་ཁབ་གང་དང་ཕྱི་ཕྱོགས་སྟོབས་ཤུགས་གང་གིས་ཀྱང་ཞང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་གཏམ་སྤྱོད་ཚང་མར་སྤུན་ཟླ་ཞང་ཀང་པ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱིས་མཐའ་གཅིག་ཏུ་རྒོལ་ལན་སློག་རྒྱུ་རེད། དབྱིན་ཇིའི་ཕྱོགས་ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་མཁྲེགས་འཛིན་དང་། ཚད་གཞི་ཉིས་བརྩེགས་ཆེ་སྒྲུབ་བྱས་ནས། ཐེངས་མང་པོར《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》ལ་ཁ་གཡར་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་འོས་འགན་བསྒྲུབས་མེད་ཅེས་དོན་མེད་སྐྱོན་འཛུགས་བྱས་པ་ནི་དཀར་ནག་གོ་ལྡོག་དང་ཡིན་མིན་མཉམ་བསྲེས་བྱས་པ་ཞིག་རེད་ཅེས་བརྗོད།
     ལིའུ་ཞའོ་མིང་གིས《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》ཀྱི་ལྟེ་བའི་དོན་སྙིང་ནི་ཀྲུང་གོས་ཞང་ཀང་ཚུར་ལེན་རྒྱུའི་གཏན་འཁེལ་བྱ་རྒྱུ་དེ་རེད། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》དང་དབྱིན་ཇིའི་འབྲེལ་ཡོད་ཁེ་དབང་དང་འོས་འགན་ཚང་མ་བསྒྲུབས་ཟིན་པ་རེད། དབྱིན་ཇིར་མེས་རྒྱལ་གྱི་པང་དུ་ལོག་ཟིན་པའི་ཞང་ཀང་ལ་བདག་དབང་དང་། བཅོས་དབང་། ལྟ་སྐུལ་བྱེད་དབང་བཅས་མེད། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་ནས་བཟུང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཞང་ཀང་བས་ཞང་ཀང་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞང་ཀང་གི་དམངས་ཚོགས་ལ་སྔར་བྱུང་མ་མྱོང་བའི་དམངས་གཙོའི་ཁེ་དབང་དང་རྒྱ་ཁྱབ་ཀྱི་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད། ཁེ་དབང་དང་རང་དབང་དེ་ནི་ཀྲུང་གོའི་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་སྤྲད་པ་ཞིག་ཡིན་པ་ལས《ཀྲུང་དབྱིན་མཉམ་འབྲེལ་གསལ་བསྒྲགས》མིན་ཞེས་བརྗོད།
     ལིའུ་ཞའོ་མིང་གིས་ཞང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་དེ་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན། ང་ཚོས་དབྱིན་ཇི་ཕྱོགས་ལ་ཞང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཕྲལ་མར་འཇོག་དགོས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཕྲལ་མར་འཇོག་དགོས་པ། ནོར་འཁྲུལ་གྱི་ལམ་དུ་མུ་མཐུད་མི་འགྲོ་བའི་སྐུལ་མ་བྱ་རྒྱུ་ཡིན་ཞེས་བརྗོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15829883.html)