མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕ་རི་སིའི་ཞི་བདེའི་གླེང་སྟེགས་སྐབས་གསུམ་པར་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་14ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཞི་བདེའི་གླེང་སྟེགས་སྐབས་གསུམ་པར་འགོ་བརྗོད་ལ《རིམས་ནད་ལ་ཐུན་མོང་ཐོག་འགོག་རྒོལ་དང་། སླར་གསོར་ཐུན་མོང་ཐོག་སྐུལ་འདེད། ཞི་བདེ་ཐུན་མོང་ཐོག་དོན་གཉེར》ཞེས་པའི་ཤིས་ཚིག་བརྙན་ལམ་ཐོག་ནས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཤིས་ཚིག་ནང་། མིག་སྔར་འཛམ་གླིང་གི་དུས་བབ་མགྱོགས་མྱུར་ངང་འཕོ་འགྱུར་འགྲོ་བཞིན་ཡོད་པ་དང་། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་རྫོགས་མཐའ་མེད་ལ་རྒྱལ་སྤྱིའི་གནས་བབ་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རང་བཞིན་ཡང་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྐུལ་དང་འགྲན་སློང་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཁ་གཏད་འཇལ་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་གྲོས་འགོ་ཁག་3བཏོན་གནང་བ་སྟེ།
     དང་པོ། མཐུན་སྒྲིལ་རོགས་རེས་བྱས་ནས་རིམས་ནད་ལ་ཐུན་མོང་ཐོག་འགོག་རྒོལ་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་མཆེད་བཞིན་ཡོད་པས་ང་ཚོས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགག་རྩའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་སྤྱིའི་མཉམ་འགོག་མཉམ་ཟོན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མུ་མཐུད་དེ་རིམས་ནད་འགོག་པའི་ཉམས་མྱོང་དང་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་མཉམ་སྤྱོད་བྱས་ཏེ་དགོས་ངེས་ཀྱི་སྨན་བཅོས་སྲུང་སྐྱོང་དངོས་ཟོག་མཁོ་འདོན་དང་ཀྲུང་གོའི་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཡིན་པའི་ཁས་ལེན་ལག་བསྟར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རོགས་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
     གཉིས་པ། སྒོ་དབྱེ་མཉམ་ལས་བྱས་ནས་སླར་གསོ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། དེར་བརྟེན་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཉི་ཤུའི་ཚོགས་པས“ཆེས་དབུལ་ཤོས་རྒྱལ་ཁབ་ཀྱི་བུ་ལོན་འཇལ་རྒྱུ་གནས་སྐབས་ནར་འགྱངས་བྱ་རྒྱུའི་གྲོས་འགོ”དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱལ་སྤྱིའི་འཕེལ་རྒྱས་དང་མཉམ་ལས་ཧུར་ཐག་བྱ་རྒྱུ་ཡིན།
     གསུམ་པ། དྲང་བདེན་རྒྱུན་འཁྱོངས་དང་ཞི་བདེ་སྲུང་སྐྱོང་བྱེད་དགོས། ང་ཚོས་ཞི་བདེ་མཉམ་གནས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་ཁེ་དབང་ལ་བརྩི་འཇོག་དང་། རྒྱལ་ཁབ་སོ་སོས་རང་བདག་གིས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་བྱེད་སྟངས་ལ་བརྩི་འཇོག ཕྱོགས་མང་རིང་ལུགས་མཐའ་འཁྱོངས། ཕྱོགས་རྐྱང་རིང་ལུགས་དང་། བཙན་དབང་རིང་ལུགས། བཙན་དབང་ཆབ་སྲིད་བཅས་ལ་ངོ་རྒོལ། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་གཏུམ་སྤྱོད་བྱ་སྤྱོད་སྣ་ཚོགས་ལ་ངོ་རྒོལ་བཅས་བྱས་ནས་འཛམ་གླིང་གི་དྲང་སྙོམས་དྲང་བདེན་དང་ཞི་བདེ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་ཡིན།
     མཇུག་ཏུ་ཞི་ཅིན་ཕིང་གིས། ལམ་ཆེན་བགྲོད་ན་གནམ་འོག་སྤྱི་སྙོམས་ཡིན། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་ལ། འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཀྱང་ཡིན། མིའི་རིགས་ལ་འཕྲད་པའི་འགྲན་སློང་མདུན་དུ་འཛམ་གླིང་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་ལས་འགལ་ཟླ་མི་བཟོ་བ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་ལས་གདོང་གཏུག་མི་སློང་བར་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"