འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་13ཉིན།

༄༅༎རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་བཟོ་བཅོས་རྒྱག་པའི་ཐད་
ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ།

ཆེད་དོན་ཁ་སྣོན་བརྒྱབ་སྟེ་རིག་དངོས་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་13ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། གསར་འགོད་པས་རྒྱལ་ཁབ་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》(བསམ་འཆར་བསྡུ་ལེན་མ་ཟིན)འཆར་ཟིན་བཀོད་དེ་ཉེ་ཆར་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ནས་བསམ་འཆར་བསྡུ་ལེན་བྱས་ཡོད། བསམ་འཆར་བསྡུ་ལེན་མ་ཟིན་ནང་ལྟ་སྐུལ་ཞིབ་བཤེར་གྱི་ཆེད་དོན་ཁ་སྣོན་བརྒྱབ་སྟེ་སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་ལ་ཤུགས་སྣོན་རྒྱག་པ། རིག་དངོས་བདེ་འཇགས་ཀྱི་ཉེན་ཁ་རིམ་དབྱེ་དོ་དམ་ལག་བསྟར་བྱེད་པ། རིག་དངོས་ཁྲིམས་འགལ་ཐེར་འདོན་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་ཕྱོགས་མང་པོའི་ཐད་ནས་གཏན་འབེབས་བྱ་རྩིས་ཡོད་པ་རེད།
     བསམ་འཆར་བསྡུ་ལེན་མ་ཟིན་ནང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིག་དངོས་བདེ་འཇགས་ལས་དོན་དེ་སྲིད་གཞུང་གི་ལོ་འཁོར་དཔྱད་ཞིབ་གདེང་འཇོག་མ་ལག་ནང་བཅུག་ནས་རིམ་པ་འདིའི་མི་དམངས་སྲིད་གཞུང་གི་རིག་དངོས་སྲུང་སྐྱོང་འགན་འཁྲི་ཡོད་པའི་སྡེ་ཚན་དང་འོག་རིམ་མི་དམངས་སྲིད་གཞུང་གི་དཔྱད་ཞིབ་ནང་དོན་ལ་བརྩི་གི་ཡིན་ཞེས་བཏོན་ཡོད།
     བསམ་འཆར་བསྡུ་ལེན་མ་ཟིན་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་གཙོ་གཉེར་སྡེ་ཚན་ལ་དབང་ཆ་སྤྲད་དེ་ས་གནས་མི་དམངས་སྲིད་གཞུང་གིས་རིག་དངོས་སྲུང་སྐྱོང་འགན་འཁྲི་སྒྲུབ་ཚུལ་ལ་ལྟ་ཞིབ་བྱེད་པ་དང་རིག་དངོས་སྲིད་འཛིན་ཁྲིམས་འགལ་གྱོད་གཞི་གལ་ཆེན་དང་རིག་དངོས་བདེ་འཇགས་འགན་འཁྲིའི་ལས་འཛོལ་གལ་ཆེན་ལ་ལྟ་སྐུལ་སྒྲུབ་གཉེར་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་གཙོ་གཉེར་སྡེ་ཚན་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་དངོས་གཙོ་གཉེར་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོང་ཡག་པོ་མ་བྱས་པའི་དབང་གིས་རིག་དངོས་ལ་གཏོར་བཤིག་ཚབས་ཆེན་ཤོར་བའམ་ཡང་ན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པོ་ཐོན་པ་དེ་རིགས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་སྐོང་འདྲི་བྱེད་པ་དང་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་འདོན་ཆོག་གི་ཡོད།
     རྒྱལ་ཁབ་རིག་དངོས་ཅུས་སྲིད་ཇུས་ཁྲིམས་སྲོལ་སིའི་འབྲེལ་ཡོད་འགན་འཁུར་བས། ལྟ་སྐུལ་ཞིབ་བཤེར་གྱི་ཆེད་དོན་ཁ་སྣོན་རྒྱག་པ་ནི་རིག་དངོས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་འགན་ལེན་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཐད་ཡོངས་ཁྱབ་སྤྱོད་པའི་བྱ་ཐབས་ཤིག་ཀྱང་ཡིན་ཞེས་བརྗོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས》དེ་1982ལོའི་ཟླ་11པར་ཁྱབ་བསྒྲགས་བྱས་པ་དང་དེ་ནས་བཟོ་བཅོས་ཐེངས་མང་བརྒྱབ་ཡོད། ད་ཐེངས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་པའི་དུས་བཀག་ནི་ཟླ་12ཚེས་10ཉིན་བར་ཡིན་པ་དང་སྤྱི་དམངས་ཀྱིས་གློག་རྡུལ་སྦྲག་ཡིག་དང་ཡིག་རིགས་བརྒྱུད་དེ་ཚུར་ལན་བསམ་འཆར་འདོན་ཆོག་གི་ཡོད།