འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་12ཉིན།

༄༅༎ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་སུ་སྒྲོག་འགྲེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་12ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོ།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྒྲོག་འགྲེལ་བྱས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀྲན་ཁྲེང་ཧྥུའུ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།
     སྙན་ཞུའི་ཚོགས་འདུའི་ཐོག ཀྲན་ཁྲེང་ཧྥུའུ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གལ་ཆེན་དང་། རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་སུ་འཕྲད་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཁོང་དུ་ཡང་དག་ཆུད་པ་བྱ་རྒྱུ་དང་བསྟུན་ནས། 2035ལོའི་རྒྱང་རིང་དམིགས་འབེན་དང“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། བརྩི་སྲུང་བྱ་རྒྱུའི་རྩ་དོན། དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་བཅས་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ། དེང་རབས་ཅན་གྱི་ཁྱོན་ཡོངས་ཁྲོད་གསར་གཏོད་ཀྱིས་བཟུང་བའི་སྲོག་ཤིང་གི་གོ་གནས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ནས་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་སོགས་ཀྱི་ཐད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སྒྲོག་འགྲེལ་དང་གསལ་འགྲེལ་བྱས་པ་རེད།
     ཚེས་11ཉིན་གྱི་ཕྱི་དྲོ། ཀྲན་ཁྲེང་ཧྥུའུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཕེབས་ནས་གཞོན་ནུ་དགེ་རྒན་དང་སློབ་མའི་འཐུས་མི་དང་མཉམ་དུ་སློབ་གྲྭའི་ནང་བཞུགས་མོལ་སྤེལ་རེས་གནང་བ་དང་འབྲེལ་དགེ་སློབ་རྣམས་ལ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི《གྲོས་གཞི》ཡི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ་སོགས་རྒྱས་བཤད་གནང་བ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་དང་བཅས་པ་ཚེས་10ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཚལ་གྲོང་ཚོ་རུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཀྲན་ཁྲེང་ཧྥུའུ་ཡིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་སྤེལ་རེས་བྱས་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15829583.html)