འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་12ཉིན།

༄༅༎2021ལོའི་ཟླ་2ཚེས་12ཉིན་ལོ་གསར་གཉིས་ཉིན་གཅིག་ལ་ཐུག་ཡོད།

རིགས་གཅིག་མཁས་པས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐོར་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་12ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། དུས་ཚོད་ནི་གློག་འཁྱུག་པ་ལྟར་མགྱོགས་ལ། སྐད་ཅིག་ཙམ་དུ་2020ལོ་མཇུག་འགྲིལ་ལ་ཉེ་བ་ཡོད་ཅིང་2021ལོ་འཆར་ལ་ཉེ། གྲོང་མི་མང་པོ་ཞིག་གིས་2021ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ཉིན་གཅིག་ལ་ཡིན་ནམ་ཡང་ན་ཟླ་བ་གཅིག་གི་བར་མཚམས་ཡོད་ཅེས་དོགས་འདྲི་བྱེད་ཀྱི་ཡོད། གསར་འགོད་པ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་དུ་བསྐྱོད་ནས་གནམ་རིག་སྐར་རྩིས་རིགས་གཅིག་མཁས་པ་བསྟན་འཛིན་ལགས་ལ་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བར་མཚམས་ཆོས་ཉིད་སྐོར་གྱི་བཅར་འདྲི་ཞུས་པ་ཡིན།
     རིགས་གཅིག་མཁས་པའི་དྲིས་ལན།
     ལོ་གསར་གཉིས་ཉིན་གཅིག་ལ་ཐུག་ཡོད།
     སྔར་ནས་བཟུང་། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དབར་གྱི“དུས་ཚོད་ཀྱི་ཧེ་བག”ནི་གྲོང་མི་ཚོས་བརྗོད་པར་དགའ་བའི་གནད་དོན་ཞིག་རེད། རྒྱུ་མཚན་ནི་དེ་ནི་ཀུན་གྱིས་གུང་གསེང་བཀོད་སྒྲིག་ཇི་ལྟར་བྱ་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པས་སོ། །
     བོད་རིགས་ཁྱིམ་ཚང་ཚང་མར་ཕལ་ཆེར《བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ》རེ་ཡོད་པ་དེ་དག་ཞིང་ལས་དང་། དུས་ཆེན། གཉེན་སྟོན། གཤིན་པོ་དུར་སྐྱེལ་སོགས་རྒྱུན་གཏན་གྱི་ལས་དོན་བཀོད་སྒྲིག་བྱེད་པའི་གཞི་འཛིན་ས་བྱེད་ཀྱི་ཡོད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2021ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ཉིན་གཅིག་སྟེ་2021ལོའི་ཟླ་2ཚེས་12ཉིན(གཟའ་པ་སངས)ཡིན། ཉིན་དེར་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ཏེ། 2021ལོའི་ལུགས་རྙིང་ལོའི་ཚེས་གཅིག་ཉིན་བསུ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་ཉིན་དེ་ནི་བོད་ལྕགས་གླང་ལོའི་ཟླ་དང་པོའི་ཚེས་པ་གཅིག་སྟེ། དགའ་སྐྱིད་ལྡན་ཞིང་ལོ་ལེགས་བྱུང་བའི་བོད་ཀྱི་ལོ་གསར་ཡང་རེད།
     དཔེར་ན་2020ལོར་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དབར་བར་མཚམས་ཟླ་བ་གཅིག་ཡོད། 2020ལོའི་ཟླ་1ཚེས་25ཉིན་ནི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ཡིན་ཞིང་། 2020ལོའི་ཟླ་2ཚེས་24ཉིན་གཟོད་བོད་ཀྱི་ལོ་གསར་བསུས་པ་རེད། ལོ་གསར་གཉིས་ཀྱི་དབར་བར་མཚམས་ཟླ་བ་གཅིག་ཡོད། བསྟན་འཛིན་གྱིས་བཤད་རྒྱུར། ལོ་རེའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དབར་གྱི་དུས་ཚོད་བར་མཚམས་མི་འདྲ་མོད། འོན་ཀྱང་དེར་ཡང་ཆོད་ཉིད་ཡོད།
     གནས་ཚུལ་མི་འདྲ་བ་གསུམ་ཡོད་དེ།
     ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བར་མཚམས།
     བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་གནམ་རིག་སྐར་རྩིས་རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བར་གྱི་དུས་ཚོད་ཀྱི་བར་མཚམས་ལ་ཕལ་ཆེར་གནས་ཚུལ་གསུམ་ཡོད་དེ། གནས་ཚུལ་དང་པོ་ནི་ཉིན་གཅིག་ལ་ཐུག་པ་དང་། གནས་ཚུལ་གཉིས་པ་ནི་བར་མཚམས་ཟླ་བ་གཅིག་ཡིན་པ། གནས་ཚུལ་གསུམ་པ་ནི་བར་མཚམས་ཉིན་གཅིག་ཡིན་པ་བཅས་སོ། །
     དོ་སྣང་བྱེད་དགོས་པ་ཞིག་ནི་གནས་ཚུལ་དེ་གསུམ་པོ་རེས་མོས་ཀྱིས་བྱུང་བ་ཞིག་མིན་ལ། ལོ་གཉིས་བསྟུད་མར་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་ཉིན་གཅིག་ལ་ཐུག་པའི་གནས་ཚུལ་ཡང་ཐོན་སྲིད། འོ་ན་རྒྱུ་རྐྱེན་ཅི་ཞིག་གིས་གོང་གི་གནས་ཚུལ་འདི་གསུམ་བྱུང་བ་ཡིན་ཞེ་ན། བསྟན་འཛིན་གྱིས་དང་ཐོག་ལུགས་རྙིང་ལོ་ཐོ་དང་བོད་ཀྱི་ལོ་ཐོ་དུས་འཁོར་གཅིག་གི་ནང་ཟླ་ལྷག་བྱུང་ཚེ་ཉིན་གཅིག་ལ་ཤར་བའམ་ཡང་ན་བར་མཚམས་ཉིན་གཅིག་ཡོད་པའི་གནས་ཚུལ་ཐོན་སྲིད། གལ་ཏེ་བོད་ཀྱི་ལོ་ཐོ་གཅིག་པུར་ཟླ་ལྷག་བྱུང་ན་ཟླ་བ་གཅིག་གི་བར་མཚམས་ཡོད་པའི་གནས་ཚུལ་ཐོན་སྲིད། གལ་ཏེ་ལུགས་རྙིང་ལོ་ཐོར་ཟླ་ལྷག་བྱུང་ཚེ་ཟླ་བ་གཅིག་གི་བར་མཚམས་ཡོད་པའི་གནས་ཚུལ་འབྱུང་སྲིད།
     “བོད་ཀྱི་སྐར་རྩིས་ལྟར་ན། ལོ་གཉིས་དང་ཟླ་བ་བརྒྱད་དང་ཉིན་བཅོ་ལྔ་རེར་ཟླ་ལྷག་ཐེངས་རེ་ཐོན་གྱི་ཡོད”ཅེས་བསྟན་འཛིན་གྱིས་རིམ་བཞིན་གསལ་འགྲེལ་བྱས།
     བོད་ཀྱི་སྐར་རྩིས་ནི།
     སྤྱི་ལོ་1027ལོར་དངོས་སུ་སྤྱད་པ་རེད།
     བོད་ཀྱི་ལོ་གསར་གཏན་འཁེལ་བྱེད་པ་དེ། བོད་ཀྱི་སྐར་རྩིས་བཀོལ་སྤྱོད་བྱེད་པ་དང་འབྲེལ་བ་དམ་པོ་ཡོད། ད་ལྟ་སྤྱོད་བཞིན་པའི་བོད་ཀྱི་སྐར་རྩིས་ནི་སྤྱི་ལོ་1027ལོར་དངོས་སུ་བེད་སྤྱོད་བཏང་ཞིང་། ད་ལྟའི་བར་དུ་རྒྱུན་འཛིན་བྱས་ཡོད། བོད་ཀྱི་སྐར་རྩིས་ལ་ད་བར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན།
      བོད་ཀྱི་ལོ་རྩིས་ཁྲོད་ཀྱི་རབ་བྱུང་གཅིག་ནི་ལོ་60ཡིན་ཞིང་། དེ་ནི“ལོ་རྒན་དྲུག་ཅུའི”དུས་ཚོད་དང་གཅིག་མཐུན་ཡིན། བོད་ཀྱི་སྐར་རྩིས་ཀྱིས་ཀྱང་འབྱུང་བ་ལྔ་དང་ལོ་སྐོར་བཅུ་གཉིས་སྡེབ་པའི་ལོ་རྩིས་བྱེད་ཐབས་སྤྱོད་ཀྱི་ཡོད། འབྱུང་བ་ལྔ་ཡིས་ལོ་ཁམས་བཅུའི་ཚབ་བྱེད་དེ། ཅ་དབྱི་ནི་ཤིང་དང་། པིན་ཏིང་ནི་མེ……ལོ་སྐོར་བཅུ་གཉིས་ཀྱིས་ལོ་རྟགས་བཅུ་གཉིས་ཀྱི་ཚབ་བྱས་ཏེ་ཙི་ནི་བྱི་བ། ཁྲོའུ་ནི་གླང……དེ་ལྟར་རིམ་པ་བཞིན་རིགས་འགྲེ་བྱེད་དགོས་སོ། །
     བོད་ཀྱི་སྐར་རྩིས་ལ་ད་དུང་དུས་ཚིགས་24ཡོད་དེ། བོད་ལྗོངས་ས་ཁུལ་ལ་དུས་ཡུན་རིང་འབྲིང་གི་གནམ་གཤིས་སྔོན་བརྡ་གཏོང་གི་ཡོད་པ་དང་། རྒྱུ་སྐར་ཆེན་པོ་ལྔའི་འགུལ་སྐྱོད་དང་ཉི་ཟླ་གཟའ་འཛིན་ལའང་སྔོན་བརྡ་གཏོང་གི་ཡོད་པས། བོད་ཀྱི་སྐར་རྩིས་ནི་ལུགས་གསར་རྙིང་གཉིས་ཟུང་འབྲེལ་གྱི་ལོ་ཐོ་ཡིན་པ་མཚོན་ཡོད། བོད་ཀྱི་སྐར་རྩིས་ནི་གདོད་མའི་སྐྱེ་དངོས་དུས་རྟགས་ཀྱི་རྨང་གཞིའི་སྟེང་། སྐར་རྩིས་མང་པོའི་སྙིང་བཅུད་བསྡུ་ལེན་བྱས་ནས་གྲུབ་པའི་ཐུན་མོང་མ་ཡིན་པའི་ཚན་རིག་དང་མཐུན་པའི་སྐར་རྩིས་མ་ལག་ཅིག་ཡིན་ཞེས་བརྗོད་ཆོག བོད་ཀྱི་སྐར་རྩིས་དེ་གཙོ་བོ་རྩིས་གཞོང་ལ་བརྟེན་ནས་རྩི་དགོས་པ་མ་ཟད། ད་དུང་ཕྱི་རོལ་དུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་པར་བསྐྱོད་ནས་དུས་ཚོད་གཏན་འཁེལ་བྱེད་དགོས། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15829583.html)