མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་
ཐེངས་ཉི་ཤུ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་12ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་10ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་11ཚེས་10ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

     ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་རོགས་ལས་བྱེད་ཟབ་ཏུ་བཏང་ནས་དེ་བས་ཟབ་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་ནན་བཤད་གནང་བ།
     ■ ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་བདེ་ཐང་གཅིག་མཐུན་འདུས་གྲུབ་དང་། བདེ་འཇགས་གཅིག་མཐུན་འདུས་གྲུབ། འཕེལ་རྒྱས་གཅིག་མཐུན་འདུས་གྲུབ། མི་ཆོས་རིག་གནས་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་ཆེད་ལག་ལེན་དང་འཚོལ་ཞིབ་དེ་བས་མང་བ་བྱེད་དགོས།
     ■ ཀྲུང་གོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཆགས་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་གཉིས་ཕན་གཉིས་ཁེའི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ཡིན་པས། ཕྱོགས་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ནས། ཀྲུང་གོ་དང་མཉམ་ལས་བྱེད་ཟབ་ཏུ་ཧུར་ཐག་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་པ་དང་འབྲེལ《“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ་དང་མཐུན་སྒྲིལ་རོགས་ལས་བྱེད་ཟབ་ཏུ་བཏང་ནས་དེ་བས་ཟབ་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་བདེ་ཐང་གཅིག་མཐུན་འདུས་གྲུབ་དང་། བདེ་འཇགས་གཅིག་མཐུན་འདུས་གྲུབ། འཕེལ་རྒྱས་གཅིག་མཐུན་འདུས་གྲུབ། མི་ཆོས་རིག་གནས་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་ཆེད་ལག་ལེན་དང་འཚོལ་ཞིབ་དེ་བས་མང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ད་ཐེངས་ཀྱི་ཚོགས་འདུ་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་གཙོ་སྐྱོང་གནང་བ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཕུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ལས་ཚབ་ཀྲ་ཕ་ལུའོ་ཕུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་སོགས་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ནོ་ལུའོ་ཕུའུ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་འཇིགས་རྒོལ་སྒྲིག་གཞིའི་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་ཅི་གཡོད་སུའོ་ཕུའུ་སོགས་རྒྱུན་བཙུགས་སྒྲིག་གཞིའི་འགན་འཁུར་བ་དང་དེ་བཞིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉི་དང་། དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི། མོང་གོལ་གྱི་ཙུང་ཐུང་པ་ཐེ་ཐུ་ལ་ཀེ བྷེ་ཨུ་རུ་སུའི་ཙུང་ལི་ཀེ་ལོ་ཕུའུ་ཆིང་ཁོ་སོགས་ལྟ་ཞིབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན། ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་གསར་པ་བཏོད་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཕྱོགས་ཁག་གིས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ནས་རྩ་འཛུགས་དེ་བརྟན་ལྷིང་འཕེལ་རྒྱས་དང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་དྲང་ནུས་བསྣན་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ལས་རྒྱལ་སྤྱིའི་གོ་བབ་ལེགས་སྒྲིག་མགྱོགས་སུ་ཕྱིན་ནས། འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་ལ་སླེབས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་དང་ཕྱོགས་རྐྱང་དང་། སྒོ་དབྱེ་དང་བཀག་སྡོམ། མཉམ་ལས་དང་འགྲན་རྒོལ་བཅས་ཀྱི་ཚོད་བགམ་ཆེན་པོ་བརྒྱུད་བཞིན་ཡོད། “འཛམ་གླིང་གང་འདྲ་བྱས་པ་རེད་དམ། ང་ཚོས་གང་འདྲ་བྱེད་དགོས་སམ”ཞེས་པ་དུས་རབས་ཀྱི་འདྲི་གཞིར་གྱུར་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་བས་ཤུགས་ཆེར་ཕྱིན་ནས། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་འགོག་ཐབས་མེད། ཁྱིམ་མཚེས་མཛའ་མཐུན་ཡོང་བ་བྱེད་རྒྱུ་དེ་རང་ཉེས་གཞན་འགེལ་ལས་ལྷག་པ་དང་། གཉིས་ཕན་མཉམ་ལས་ཀྱིས་རྒྱལ་ཕམ་འཐབ་འགྲན་གྱི་ཚབ་བྱེད་པ། ཕྱོགས་མང་རིང་ལུགས་ཕྱོགས་རྐྱང་རིང་ལུགས་ལས་རྒྱལ་ངེས་ཡིན་པ་བཅས་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་དང་བྱེད་མུས་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔའི་དུས་བབ་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ་དང་མཐུན་སྒྲིལ་རོགས་ལས་བྱེད་ཟབ་ཏུ་བཏང་ནས། ས་ཁུལ་དང་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལག་ལེན་དང་འཚོལ་ཞིབ་དེ་བས་མང་བ་བྱེད་དགོས་པ་སྟེ།
     གཅིག་ནས། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས། རྒྱལ་ཁབ་ཁག་གིས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགག་རྩའི་འགོ་ཁྲིད་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་རིམས་ནད་ཆབ་སྲིད་ཅན་དང་ནད་དུག་རྟགས་བྱང་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱས་ནས“ཆབ་སྲིད་ཀྱི་ནད་དུག”ཐུན་མོང་ཐོག་འགོག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་འབྲེལ་གཏུག་ཐད་སྦྲེལ་ཁ་པར་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུ་དང་། རྩ་འཛུགས་འདི་གའི་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཀྱི་དགོས་མཁོར་བསམ་གཞིག་ཧུར་ཐག་བྱེད་འདོད་ཡོད།
     གཉིས་ནས། བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱས་ནས་བདེ་འཇགས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བར་བརྩི་སྲུང་ཞུས་ནས་འཇིགས་སྐུལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་དགོས། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཁྲིམས་བཞིན་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་ལ་སྐུལ་འདེད་བརྟན་པོ་གཏོང་བར་བློ་རྩ་བརྟན་པོས་རྒྱབ་སྐྱོར་དང་། རྒྱལ་ཁབ་ཁག་གིས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར། ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཁ་གཡར་ས་གང་རུང་ལ་བརྟེན་ནས་ཁོངས་མིའི་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱེད་དགོས། གླེང་མོལ་དང་གྲོས་མོལ་བྱེད་པ་བརྒྱུད་འགལ་བ་དང་མི་མཐུན་ས་སེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། “ཕྱོགས་གཏོགས་གསུམ”གྱིས་རིམས་ནད་ལ་ཁ་གཡར་ནས་ཟིང་ཆ་སློང་རྒྱུ་ནན་འགོག་བྱས་ཏེ། ཁོངས་མིའི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“གོ་ལ་ཧྲིལ་པོའི་གྲངས་གཞིའི་བདེ་འཇགས་ཀྱི་གྲོས་འགོའི”ནང་ཕྱོགས་ཁག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
     གསུམ་ནས། དངོས་གཉེར་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་དེ་བཞིན་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སོགས་ས་ཁོངས་མཉམ་ལས་ཀྱི་གྲོས་འགོ་འབྲེལ་མཐུད་དམ་ཟབ་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས། ས་ཁོངས་དཔལ་འབྱོར་གྱི་འཁོར་རྒྱུག་ཐོགས་མེད་ཡོང་བ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་ཡོང་བ་བྱེད་དགོས། ཕན་ཚུན་མ་འཇོག་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་། དྲ་ཐོག་ཚོང་དོན། མི་ཐབས་རིག་ནུས། རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ལོར་ཁྲུང་ཆིང་དུ་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླེང་སྟེགས་གཉེར་རྒྱུ་རེད། དེ་བས་མང་བའི་དམངས་འཚོའི་འདུ་འགོད་མཉམ་དུ་ལག་ལེན་བསྟར་དགོས། ཀྲུང་གོ་ཕྱོགས་ཀྱིས་རྩ་འཛུགས་འདིར་དབུལ་པོ་ཉུང་གཏོང་གི་མཉམ་འབྲེལ་ལས་དོན་ཚོགས་ཆུང་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
     བཞི་ནས། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་ནས་མི་ཆོས་རིག་གནས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་དགོས། ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས་སློབ་གསོ་དང་། རིག་གནས། ཡུལ་སྐོར། ལུས་རྩལ། སྨྱན་སྦྱོར། བུད་མེད་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ལོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་གཉེར་ནས་འབྱུང་འགྱུར་ལོ་3གྱི་རིང་ཕྱོགས་ཁག་ལ་གཞོན་ནུའི་སྤེལ་རེས་མི་གྲངས་600མཁོ་འདོན་བྱེད་རྒྱུ་བཅས་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རོགས་ཟླའི་འབྲེལ་བའི་དྲ་རྒྱ་རྒྱ་ཆེར་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཆགས་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་གཉིས་ཕན་གཉིས་ཁེའི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ཡིན་པས། ཕྱོགས་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ནས། ཀྲུང་གོ་དང་མཉམ་ལས་བྱེད་ཟབ་ཏུ་ཧུར་ཐག་གཏོང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན། 
     མཇུག་ཏུ་ཞི་ཅིན་ཕིང་གིས། ཕྱི་ལོ་རྩ་འཛུགས་འདི་བཙུགས་ནས་ལོ་20འཁོར་བ་དང་ཏག་ཏག་འཁེལ་ཡོད། ང་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཟོལ་མེད་མཉམ་ལས་དང་འབད་འབུངས་མདུན་སྐྱོད། རྩ་འཛུགས་འདི་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེ་བས་ཟབ་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
     ཚོགས་ཞུགས་ཕྱི་རྒྱལ་གྱི་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རིམ་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་ཚོས་མིག་སྔའི་རྒྱལ་སྤྱིའི་དུས་བབ་ནང་འགྲན་སློང་དང་ཉེན་ཁ་སྣ་ཚོགས་མང་དུ་ཕྱིན་པ་དང་ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད། དེར་བརྟེན། རྒྱལ་ཁབ་ཁག་གིས་མཉམ་དུ་ཁ་གཏད་གཅོག་པ་དང་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱས་ཏེ་རིམས་ནད་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་ལ་མིང་ཆད་བཟོ་བར་ངོ་རྒོལ་བྱེད་དགོས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་འཛིན་པ་དང་སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བཅས་བྱས་ནས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་གཏོང་དགོས། ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ། འདྲ་མཉམ། གྲོས་མོལ་བཅས་རྒྱུན་འཁྱོངས་དང་། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་ཐོག་འཕེལ་རྒྱས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”དོན་གཉེར་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་འགྲོ་ལམ་ལ་བརྩི་འཇོག་བྱས་ནས། ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ནང་ཁུལ་གྱི་ལས་དོན་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱེད་དགོས། ཚོང་དོན་དང་། མ་འཇོག ཐོན་ནུས། འགྲིམ་འགྲུལ། ནུས་རྒྱུ། གསར་གཏོད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དམངས་འཚོ་ལེགས་བཅོས་དང་དབུལ་པོ་མེད་པ་བཟོ་དགོས། མི་ཆོས་སྤེལ་རེས་བྱེད་ཟབ་ཏུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གཏོད་རྒྱུ་དང་སྦྲེལ་མཐུད་ཐུབ་པར་རྒྱབ་སྐྱོར་བྱེད་དགོས། “ཕྱོགས་གཏོགས་གསུམ”ལ་རྡུང་རྡེག་གཏོང་རྒྱུར་རམ་འདེགས་བྱེད་པ་དང་། གྲངས་གཞིའི་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་སྲུང་སྐྱོང་བྱེད་པ། གླེང་མོལ་གྲོས་མོལ་བརྒྱུད། རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱེད་རྒྱུར་གཞོལ་བ་བཅས་བྱས་ནས། ས་ཁུལ་འདི་གའི་བདེ་འཇགས་བརྟན་ལྷིང་དང་རྒྱུན་མཐུད་འཕེལ་རྒྱས་སྲུང་སྐྱོང་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཟླ་11ཚེས་10ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
ཟླ་11ཚེས་10ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

  
style="display:none;"