འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་11ཉིན།

༄༅།།བོད་ཀྱི་རྫོང་དང་ཆུས་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་11ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་སྲོད་ཀྱི་མཚམས་སུ་ལྷ་ས་ཁྲེང་ཀོན་ཆུས་ཁམས་བཟང་ཁུལ་ཆུང་དུ་སྡོད་མཁན་བོད་རིགས་བུ་མོ་ཨ་གསུམ་ཐབ་ཚང་ནང་དགོང་ཟས་བཟོ་བཞིན་འདུག ལོ་གཉིས་ཀྱི་གོང་དུ། ཨ་གསུམ་ནང་མི་ཚོ་བོད་དུ་སྐད་གྲགས་ཆོད་པའི“ས་ངན་ཡུག་ཁུལ”ཏེ་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབུམ་སྐྱེས་ཤང་མཁལ་པོ་གྲོང་ཚོར་སྡོད་ཀྱི་ཡོད།
“ས་ངན”ནི་བོད་ཀྱི་ཆེས་རྗེས་ལུས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། འཚོ་གནས་ཀྱི་ཁོར་ཡུག་ཞན་པ་དང་ཡུལ་ཕྱོགས་དེ་གའི་ཐོན་ཁུངས་ཀྱིས་ཡུལ་ཕྱོགས་དེའི་མིའི་འཚོ་བ་ཕྱིད་དཀའ་བ་ཞིག་ཡོད། དབུལ་སྒྲོལ་འགག་སྒྲོལ་ནང་བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་གནས་སྤོ་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་བྱ་རྒྱུ་མཐའ་འཁྱོངས་དང་། ཐོན་སྐྱེད་ཀྱི་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱས་ཤིང་། འབུམ་སྐྱེས་ཤང་ཚུད་པའི“ས་ངན་ཡུག་ཁུལ”གྱི་ཤང་7དང་སྲིད་འཛིན་གྲོང་ཚོ་45ལ་ས་ཁུལ་དང་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བྱ་ཐབས་ལག་བསྟར་བྱས་ཡོད། ཨ་གསུམ་ཁྱིམ་གྱི་ནང་མི་བཞི་པོ་མི་རབས་ནས་མི་རབས་བར་འཚོ་སྡོད་བྱས་པའི་མཁར་རྫོང་ནས་ཁ་བྲལ་ཏེ་ཁམས་བཟང་ཁུལ་ཆུང་གི་སྨི་ངོས་གྲུ་120ལྷག་ཙམ་གྱི་སྡོད་ཁང་གསར་པར་སྤོས་པ་རེད།
     མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་965ཚང་མ་ལས་མཇུག་འགྲིལ་བ་དང་མི་ཁྲི་26.6ཚང་མ་གནས་སྤོས་བྱས་ཡོད། གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་ཆེད། བོད་ཀྱིས་ལས་གནས་ལ་བརྟེན་ནས་གནས་སྤོ་གཏན་འཁེལ་དང་བྱ་གཞག་ལ་བརྟེན་ནས་གནས་སྤོ་གཏན་འཁེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་5%བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་འཛུགས་སྐྲུན་ཐད་སྤྱད་པ་དང་། ངལ་རྩོལ་ནུས་ཤུགས་ཡོད་པའི་གནས་སྤོས་དུད་ཚང་ནས་ཉུང་མཐར་ཡང་མི་1ལས་ཞུགས་བརྟན་པོ་ཡོང་བ་བྱས་ཡོད།
     ད་ཕན་ལོ་ཤས་རིང་། བོད་ཀྱིས་ད་དུང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ཞིང་། ནས་ཐོན་འཕར་དང་། འབྲི་གཡག་བཤས་གཏོང་། ཡུལ་སྐོར་རིག་གནས། ཨར་སྐྲུན་རྒྱུ་ཆ་སོགས་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་ཞིང་། 2016ལོ་ནས་བཟུང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་400ཙམ་བཏང་སྟེ། ཐོན་ལས་དབུལ་སྐྱོར་རྣམ་གྲངས་3000ཙམ་ལག་བསྟར་བྱས་ནས་མི་འབོར་དབུལ་པོ་ཁྲི་23.8དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱས་པས་མང་ཚོགས་ཁྲི་84ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
    དཔལ་མགོན་རྫོང་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4750ལས་བརྒལ་བའི་འབྲོག་ལས་རྐྱང་པའི་རྫོང་ཞིག་རེད། 2017ལོར། དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་སྐྱེས་སྡེང་གྲོང་ཚོའི་གྲོང་མི་ཚོས་སྲིད་གཞུང་གི་རོགས་སྐྱོར་འོག་འབྲོག་ལས་མཉམ་ལས་ཁང་བཙུགས་ཏེ་ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་ནས་བལ་འཐག་ཐོན་ལས་འཕེལ་རྒྱས་བཏང་བ་རེད། ལོ་27ལ་སླེབས་པའི་འབྲོག་མོ་ལྷ་མོ་སྒྲོལ་མས་དྲ་ཐོག་ཚོང་ཁང་བཙུགས་ནས་བལ་འཐག་ཐོན་རྫས་ཕྱིར་ཚོང་བྱས་པར་2019ལོར་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་ཡོད། དཔལ་མགོན་རྫོང་གིས་སྔ་རྗེས་སུ་དབུལ་སྐྱོར་དངོས་ཚན་62འཕེལ་རྒྱས་བཏང་བས་2019ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།
    2016ལོ་ནས་བཟུང་། བོད་ཀྱིས་རིམ་རྩིས་བྱས་ན་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་750ཙམ་སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱད་པ་དང་། ལོར་ཆ་སྙོམས་འཕར་ཚད་15%ལས་བརྒལ་བའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་490ཙམ་ཡོད། མིག་སྔར་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་བོད་སྐྱོར་རྣམ་གྲངས་313དོན་ཐོག་ཏུ་འཁྱོལ་བ་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་195དོན་འཁྱོལ་བྱུང་ཡོད།
    དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་ཁྲོད་བོད་ཀྱི་ཆུ་གློག་ལམ་དྲ་སོགས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་འདུ་འགོད་ཁག་ཁྲི་1.7ལྷག་ཙམ་ཟིན་པ་དང་ཞིང་འབྲོག་མང་ཚོགས་ཁྲི་200ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཚང་མ་ཐག་གཅོད་ཐུབ་ཡོད། སྡོད་ཁང་ཐད་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་ཁྲི་4.36གི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱས་པས་མང་ཚོགས་དབུལ་པོའི་ཉེན་ཡོད་སྡོད་ཁང་གཅིག་ཀྱང་མ་ལུས་པ་སྒྱུར་བཀོད་ཐུབ་ཡོད།
    ཟླ་10ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ལྷ་སར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱི་རྫོང་དང་ཆུས་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་ནས་མི་འབོར་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་སྒོར་1499ནས་2019ལོའི་སྒོར་9328བར་མང་དུ་ཕྱིན་ཏེ་བོད་ཀྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།