འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་11ཉིན།

༄༅།།མཚོ་སྔོན་གྱིས། མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་ནན་པོ་བཏང་སྟེ་སྨན་བཅོས་འགན་བཅོལ་
ཐེབས་རྩའི་དངུལ་སྒོར་ཁྲི་8564.54ཚུར་བླངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་11ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ཏེ། རིགས་འདྲ་མིན་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་དམིགས་འཛུགས་གསོ་རིག་སྨན་རྫས་སྒྲིག་གཞི་2803རྩད་བཅད་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་དངུལ་སྒོར་ཁྲི་8564.54ཚུར་བླངས་ཡོད་པ་རེད།
    2018ལོའི་ལོ་མཇུག་ཚུན་དུ། མཚོ་སྔོན་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་སྒྲིག་གཞི་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཐེབས་རྩའི་ལྟ་འདོམས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཐར་པ་གཏན་ནས་མི་གཏོང་བའི་ཐོག་ནས་མགོ་སྐོར་གཡོ་ལེན་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ཞིང་། ལོ་གཉིས་བསྟུད་མར་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཇུས་གཞི་བཟོས་པ་བརྒྱུད། བཅོས་སྐྱོང་གི་གཙོ་གནད་དང་། ལས་དོན་གྱི་བྱ་ཐབས། དུས་ཚོད་དང་མཚམས་ཚིགས་བཅས་ཁ་གསལ་བཟོས་ནས་དམིགས་འཛུགས་གསོ་རིག་སྨན་རྫས་སྒྲིག་གཞིའི་རིགས་འདྲ་མིན་གྱི་སྨན་བཅོས་འགན་བཅོལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་རྩད་གཅོད་ནན་པོ་བྱས་པ་དང་། རྩིས་བཤེར་དང་། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་དྲུག་གིས་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཞིང་ཆེན་རིམ་པའི་སྡེ་ཚན་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་བཟོས་ཏེ། ཁུངས་སྣེ་གལ་ཆེན་ལ་མཉམ་དུ་ཞིབ་བཤེར་དང་མཉམ་དུ་ཆད་པ་བཅད་པས་ལྟ་འདོམས་ཀྱི་མཉམ་ཤུགས་ཤིག་ཆགས་ཡོད།
    མཚོ་སྔོན་གྱིས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་འདོམས་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ《མཚོ་སྔོན་ཞིང་ཆེན་གྱིས་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་བཏང་ནས་ཐེར་འདོན་ལ་བྱ་དགའ་སྤྲོད་པའི་གནས་སྐབས་ལག་བསྟར་བྱ་ཐབས》བཟོས་ནས་བཀྲམ་པ་དང་། སྒོར་ཁྲི་500ཡི་ཞིང་ཆེན་རིམ་པའི་ཐེར་འདོན་བྱ་དགའི་ཐེབས་རྩ་བཙུགས་པ། ཐེར་འདོན་ཁ་པར་ཨང་གྲངས་རྒྱ་ཁྱབ་ཏུ་ཡོངས་བསྒྲགས་བྱས་པ། སྨན་བཅོས་འགན་བཅོལ་གྱི་སྤྱི་ཚོགས་ལྟ་སྐུལ་བའི་ལམ་ལུགས་བཟོས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་རྒན་གྲས། སྨན་དོན་ལས་དོན་པ། འགན་བཅོལ་ནང་ཞུགས་མཁན་བཅས་ལས་གྲུབ་པའི་སྨན་བཅོས་འགན་བཅོལ་གྱི་སྤྱི་ཚོགས་ལྟ་སྐུལ་བ་892གདན་དྲངས་ཏེ་དམིགས་འཛུགས་ཀྱི་གསོ་རིག་སྨན་རྫས་སྒྲིག་གཞིར་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཀྱི་ཡོད་པ་རེད།
     ལོ་གཉིས་རིང་མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་དམིགས་འཛུགས་གསོ་རིག་སྨན་རྫས་སྒྲིག་གཞིར་ཞིབ་བཤེར་ཐེངས་8186བྱས་པས། རིགས་འདྲ་མིན་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་2803རྩད་ཆོད་པའི་ནང་སྨན་བཅོས་སྒྲིག་གཞི་1535དང་། སྨན་ཚོང་ཁང་1268ཚུད་ཡོད་པ། དམིགས་འཛུགས་ཀྱི་གསོ་རིག་སྨན་རྫས་སྒྲིག་གཞི་28མེད་པ་བཟོ་བ་དང་། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་གྲོས་མཐུན་ཡི་གེ་458གནས་སྐབས་མཚམས་འཇོག་པ། སྐོང་འདྲི་དང་། དུས་བཀག་ལྟར་དག་ཐེར་བྱེད་དུ་འཇུག་པ། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་སོགས་ཐེངས་3065བྱས་པ། ཚན་པ་11ལ་སྲིད་འཛིན་གྱི་ཆད་པ་གཅོད་པ་བཅས་བྱས་ནས་སྨན་བཅོས་འགན་འཅོལ་གྱི་ཐེབས་རྩ་སྒོར་ཁྲི་8564.54ཚུར་བླངས་ཡོད་པ་རེད།