འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་11ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་
སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་11ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
     《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་ཁྱོན་བརྟན་པོ་ཡོང་བ་བྱེད་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བ་བཅས་བྱས་ནས་ཚན་རྩལ་གསར་གཏོད་དང་། ལམ་ལུགས་གསར་གཏོད། བྱེད་ཐབས་དང་ལས་རྣམ་གསར་གཏོད་བཅས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་དམིགས་ཏེ་རྒྱལ་སྤྱིའི་ཁྲོམ་རའི་བཀོད་ཇུས་དང་། རྒྱལ་ནང་ས་ཁོངས་ཀྱི་བཀོད་ཇུས། གཉེར་སྐྱོང་བྱེད་པོ། ཚོང་ཟོག་གི་གྲུབ་ཆ། ཚོང་དོན་སྒྲུབ་སྟངས་སོགས“ལེགས་འགྱུར་ལྔ”དང་། ཕྱི་ཕྱོགས་ཚོང་དོན་ཕྱོགས་སྒྱུར་རིམ་སྤོར་རྟེན་གཞི། ཚོང་དོན་སྐུལ་སྤེལ་ལས་སྟེགས། རྒྱལ་སྤྱིའི་ཚོང་གཉེར་མ་ལག་སོགས“འཛུགས་སྐྲུན་གསུམ”ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། དུས་བབ་གསར་པའི་འོག་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་དགེ་མཚན་གསར་པ་སྐྱེད་སྲིང་བྱས་ནས། ཕྱི་ཕྱོགས་ཚོང་དོན་གསར་གཏོད་དང་འཕེལ་རྒྱས་ཡོང་བ་བྱེད་དགོས། 《བསམ་འཆར》ནང་ཕྱོགས་དགུའི་ཐད་ནས་ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་བཏོན་པ་སྟེ།
     གཅིག་ནས་གསར་འབྱེད་བྱེད་སྟངས་གསར་གཏོད་བྱས་ཏེ་རྒྱལ་སྤྱིའི་ཁྲོམ་རའི་བཀོད་ཇུས་ལེགས་སུ་གཏོང་དགོས་ཤིང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་བློ་རྩ་བརྟན་པོས་སྲུང་སྐྱོང་དང་། ཚད་གཞི་མཐོ་བའི་རང་མོས་ཚོང་དོན་གྱི་གྲོས་མཐུན་དང་ས་ཁོངས་ཚོང་དོན་གྱི་གྲོས་མཐུན་དེ་བས་མང་བར་མིང་རྟགས་འགོད་དགོས། ཚོང་དོན་ཤར་བགྲོད་ཀྱི་ལས་ཀའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་རྩལ་གསར་པ་དང་ཐབས་ལམ་གསར་པར་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱལ་ནང་ས་ཁོངས་ཀྱི་བཀོད་ཇུས་ལེགས་སུ་གཏོང་དགོས་ཤིང་། ཤར་རྒྱུད་ས་ཁུལ་གྱི་ཚོང་དོན་སྤུས་ཚད་མཐོ་རུ་གཏོང་བ་དང་། དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་ཚོང་དོན་བསྡུར་ཚད་མཐོ་རུ་གཏོང་བ། བྱང་ཤར་ས་ཁུལ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ས་ཁོངས་དབར་གྱི་ཕྱི་ཕྱོགས་ཚོང་དོན་མཉམ་ལས་ལམ་སྲོལ་གསར་གཏོད་བཅས་བྱེད་དགོས། གསུམ་ནས་རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གཉེར་སྐྱོང་བྱེད་པོ་ལེགས་སུ་གཏོང་དགོས་ཤིང་། གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་། ཁེ་ལས་འབྲིང་ཆུང་གི་ཚོང་དོན་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བ། མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རང་འགུལ་ངང་ཁེ་ལས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས། བཞི་ནས་རྒྱུ་རྐྱེན་གཙོ་བོའི་གཏོང་ཆ་གསར་གཏོད་བྱས་ཏེ་ཚོང་ཟོག་གི་གྲུབ་ཆ་ལེགས་སུ་གཏོང་དགོས་ཤིང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཕྱིར་གཏོང་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ཕྱིར་གཏོང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ནང་འདྲེན་གྱི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱེད་དགོས། ལྔ་ནས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་ཚོང་དོན་གཉེར་སྟངས་ལེགས་སུ་གཏོང་དགོས་ཤིང་། སྤྱིར་བཏང་གི་ཚོང་དོན་སྟོབས་ཆེར་གཏོང་བ་དང་། ལས་སྣོན་ཚོང་དོན་རྒྱ་ཆེར་གཏོང་བ། ཚོང་དོན་གཞན་དག་འཕེལ་རྒྱས་གཏོང་བ། ཕྱི་ནང་ཚོང་དོན་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དྲུག་ནས་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱོགས་སྒྱུར་རིམ་སྤོར་གྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། ཐོན་ལས་འདུས་སྡོད་ཁུལ་སྣ་ཚོགས་ལ་བརྟེན་ནས་གཙོ་ཁྲིད་ཐོན་ལས་ཀྱི་འཁོར་འབྲེལ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཆ་ལག་ཚང་བའི་འདེགས་སྐྱོར་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་བ། རྩ་འཛུགས་ཀྱི་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་བཅས་བྱེད་དགོས། བདུན་ནས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ་ཚོང་དོན་ལ་སྐུལ་མ་གཏོང་བའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། ནང་འདྲེན་དངོས་མང་སྟོན་ཚོགས་དང་ཕྱིར་གཏོང་ཐོན་རྫས་ཉོ་ཚོང་འདུ་ཚོགས་སོགས་ཕྱོགས་བསྡུས་འགྲེམས་ཚོགས་ཁག་གཅིག་ཡག་པོ་གཉེར་ནས་སྐད་གྲགས་ཆོད་ཚད་མཐོ་བ་དང་ཤུགས་རྐྱེན་ཆེ་བའི་རྒྱལ་སྤྱིའི་འགྲེམས་ཚོགས་འགའ་ཞིག་སྐྱེད་སྲིང་དང་། ནང་འདྲེན་ཚོང་དོན་གྱི་གསར་གཏོད་སྐུལ་སྤེལ་དཔེ་སྟོན་ཁུལ་སྐྱེད་སྲིང་བྱེད་དགོས། བརྒྱད་ནས་ཞབས་ཞུའི་ཐབས་ལམ་གསར་གཏོད་བྱས་ཏེ་རྒྱལ་སྤྱིའི་ཚོང་གཉེར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་སྤྱིའི་ཚོང་གཉེར་མ་ལག་གང་མགྱོགས་བསྐྲུན་པ་དང་། ཚོང་གཉེར་དང་ཞབས་ཞུའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་སྤྱིའི་ཚོང་གཉེར་སྤྱི་པའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་ལ་རམ་འདེགས་བྱེད་དགོས། དགུ་ནས་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས་ཤིང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་ཉོ་སྒྲུབ་ཚོང་དོན་གཉེར་སྟངས་ཀྱི་ཚོད་ལྟའི་ས་ཚིགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཉིས་རྒྱུད་རླངས་འཁོར་ཕྱིར་གཏོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གསར་དར་ཞབས་ཞུའི་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཚོང་དོན་གྲངས་གཞི་ཅན་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།