འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་11ཉིན།

༄༅༎སྡེ་ཚན་ལྔ་ཡིས་མཉམ་དུ་གྲོང་གསེབ་ཀྱི་བཟའ་བཅའི་རྫུན་ལྷད་ཞན་གསུམ་གྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་11ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། སྤྱི་བདེ་པུའུ། ཞིང་ལས་གྲོང་གསེབ་པུའུ། ཚོང་དོན་པུའུ། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་བཀོད་སྒྲིག་བྱས་པའི་གྲོང་གསེབ་ཀྱི་རྫུན་ལྷད་ཞན་གསུམ་གྱི་བཅའ་བཟའི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚེས་9ཉིན་པེ་ཅིང་དུ་འཚོགས་ཤིང་། སྡེ་ཚན་ལྔ་ཡིས་མཉམ་དུ་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་སྤེལ་ནས་གྲོང་གསེབ་ཀྱི་བཟའ་བཅའི་རྫུན་ལྷད་ཞན་གསུམ་གྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་པ་རེད།
     ཐེངས་འདིའི་ཆེད་དོན་ཁྲིམས་འཛིན་གྱི་དམིགས་ཡུལ་ནི་ཁྲིམས་འགལ་གྱི་གྱོད་གཞི་ཁག་གཅིག་རྩད་གཅོད་དང་། དཔེ་མཚོན་གྱི་གྱོད་གཞི་ཁག་གཅིག་དམར་འདོན། ཁྲིམས་འགལ་གྱི་བཟའ་བཅའ་ཁག་གཅིག་མེད་པར་བཟོ་བ། ཁྲིམས་འགལ་ཉེས་གསོག་པ་ཁག་གཅིག་ལ་ཆད་པ་ནན་པོ་གཅོད་རྒྱུ་དེ་རེད། ཁྲིམས་འཛིན་བྱ་སྤྱོད་ཀྱིས་གྱོད་གཞིའི་ཞིབ་གཅོད་ལ་དམིགས་ཏེ་བཟའ་བཅའི་ནང་བཟའ་བྱའི་དངོས་རྫས་མ་ཡིན་པའི་རིགས་བསྲེས་པ་དང་། ནད་ཡམས་ཞིབ་བཤེར་བྱས་མེད་པའི་ཤའི་རིགས་དང་། “གསུམ་མེད”བཟའ་བཅའ། “སྤུས་ཚད་འགན་ལེན་དུས་ཡུན་ཡོལ་བའི”བཟའ་བཅའ་ཚོང་གཉེར་སོགས་མི་དམངས་ཀྱིས་ཞེ་འཁོན་སྡང་འཛིན་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་རེད།
     ཚོགས་འདུའི་ཐོག་ས་གནས་ཁག་གིས་མི་དམངས་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བའི་བསམ་བློར་བརྟེན་ནས་ཁྲིམས་བཞིན་ཆད་པ་ནན་པོ་གཅོད་པ་དང་། བཟའ་བཅའ་བདེ་འཇཌ་ཀྱི“ནན་ཤོས་བཞིའི”བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་དགོས་རིགས་ཚང་མ་མེད་པ་བཟོ་དགོས་པ་དང་། ཆད་གཅོད་བྱེད་དགོས་རིགས་ལ་ཆད་པ་ནན་པོ་གཅོད་པ་དང་འབྲེལ་ཆད་གཅོད་མི་ཐོག་ཏུ་དོན་འཁྱོལ་བྱེད་དགོས། ཉེས་བསགས་དོགས་པ་ཡོད་རིགས་ཚང་མ་སྤྱི་བདེ་ལས་ཁུངས་ལ་སྐྱེལ་དགོས་པའི་བླང་བྱ་བཏོན་ཡོད།