འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་10ཉིན།

༄༅།།བོད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་253.6ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་10ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་ལྷ་སའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་དང་བོད་ལྗོངས་ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་འཇོག་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་253.6ཟིན་པ་དེ་དུས་མཚུངས་ལས་20%ཙམ་འཕར་ཡོད་པ་རེད།
    ལྷ་སའི་མཐོ་གསར་ཁུལ་གྱིས་བོད་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གཅིག་སྡུད་ཁུལ་དང་མཐོ་ས་གཏོད་པ་དང་། ལྷག་པར་དུ་གྲངས་འཛིན་དང་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་གཞོལ་གྱི་ཡོད། བོད་ལྗོངས་ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་སྟེགས་ཀུང་སི་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཕྱོགས་གཉིས་པོས་མཉམ་དུ་བོད་ཀྱི་ཆ་འཕྲིན་ཅན་གྱི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ནས། བོད་ཀྱི་གྲངས་འཛིན་དང་ཆ་འཕྲིན་ཅན་གྱི་གཅིག་སྡུད་ཁུལ་བཏོད་དེ། བོད་ཀྱི་ཆ་འཕྲིན་ཐོན་ལས་གཅིག་སྡུད་ཅན་དང་འཆར་འགོད་ཅན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
    བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཝང་ཧྥང་ཧུང་གིས། བོད་ཀྱི་ཆ་འཕྲིན་ཅན་གྱི་སྟོན་གྲངས་2015ལོའི་63.3ནས་2020ལོའི་75.8བར་འཕར་ཏེ། གྲངས་འཛིན་དཔལ་འབྱོར་འདི་ཉིད་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།