འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་10ཉིན།

༄༅༎2020ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་སྒྱུར་བཅོས་ཚོད་ལྟའི་འགྲན་བསྡུར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་10ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཝུའེ་ཧྥང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་སྔ་དྲོ་2020ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་རྒྱལ་ཡོངས་སུ་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་རྒྱལ་ཡོངས་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་སྒྱུར་བཅོས་ཚོད་ལྟའི་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་ཧྲན་ཏུང་ཝུའེ་ཧྥང་ལས་རིགས་སློབ་གླིང་དུ་སྤེལ་བ་རེད།
     འདི་ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་སྤེལ་བའི་དུས་ཚོད་ནི་ཟླ་11ཚེས་8ནས་14ཉིན་བར་ཡིན། “མི་ཚང་མས་འཇོན་ཐང་ངོམས་པ་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ལས་རིགས་སློབ་གསོས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རམ་འདེགས་བྱེད་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པ། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ཕན་འབྲས་གཙོ་གནད་ཐོག་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ནས་ལས་རིགས་སློབ་གསོར་སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་སྔར་བས་གཏོད་རྒྱུ་རེད།
     བྱེད་སྒོའི་གཟའ་འཁོར་རིང་གི་རྒྱལ་ཡོངས་རང་བཞིན་གྱི་བྱེད་སྒོའི་ནང་གཙོ་བོ་རྒྱལ་ཡོངས་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་སྒྱུར་བཅོས་ཚོད་ལྟའི་འགྲན་བསྡུར་དང་། ལས་རིགས་སློབ་གླིང་དང་སློབ་གྲྭའི“ཤེས་དཔལ་གོམས་སྲོལ”གྱི་བྱེད་སྒོ། ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སོགས་ཚུད་ཡོད།
     དེའི་ནང་རྒྱལ་ཡོངས་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་སྒྱུར་བཅོས་ཚོད་ལྟའི་འགྲན་བསྡུར་དེ་བཟོ་ལས་འཆར་འགོད་ལག་རྩལ་སོགས་ཀྱི་འགྲན་དོན་37ཚུད་ཡོད། སློབ་གསོ་པུའུ་དང་ཧྲན་ཏུང་ཞིང་ཆེན་གྱིས་མཉམ་དུ་སྐྲུན་པའི་རྒྱལ་ཁབ་ལས་རིགས་སློབ་གསོའི་གསར་གཏོད་འཕེལ་རྒྱས་ལ་བརྟེན་ནས་ཧྲན་ཏུང་ཅི་ནན་དང་ཆིང་ཏའོ་སོགས་སྒྲུབ་འགན་འཁུར་ཡུལ་9དང་ཝུའེ་ཧྥང་ལས་རིགས་སློབ་གླིང་སོགས་སྒྲུབ་འགན་འཁུར་མཁན་སློབ་གྲྭ་25ལ་གཉེར་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཚོད་ལྟའི་འགྲན་བསྡུར་གྱི་སྒྱུར་བཅོས་ནང་འཁོར་རྒྱུག་ལམ་སྲོལ་གྱི་གསར་གཏོད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལས་རིགས་སློབ་གླིང་དང་སློབ་གྲྭས་ཁེ་ལས་དང་མཉམ་དུ་འགྲན་དོན་གཉེར་ཞུ་བྱེད་པའི་འཁོར་རྒྱུག་ལམ་སྲོལ་འཛུགས་པ་དང་། འགྲན་དོན་འཆར་འགོད་ཀྱི་སྒྱུར་བཅོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འགྲན་དོན་བཀོད་སྒྲིག་ཚན་རིག་དང་མཐུན་པ་ཡོང་བར་ཤུགས་སྣོན་རྒྱག་པ། ཁ་གསལ་འགྲན་བསྡུར་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཆ་འཕྲིན་དང་བརྒྱུད་རིམ་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་རེད།
     བྱེད་སྒོའི་གཟའ་འཁོར་རིང་ས་གནས་ཁག་དང་། ལས་རིགས་སློབ་གླིང་དང་སློབ་གྲྭ་ཁག འབྲེལ་ཡོད་ཚན་པ་བཅས་ཀྱིས་དྲ་ཐོག་གི་དྲིལ་བསྒྲགས་འགྲེམས་སྟོན་གྱི་བྱེད་སྒོ་དང་། རིམ་སྤེལ་གྱི་བརྗོད་དོན་གཙོ་བོའི་འོས་སྦྱོར་བྱེད་སྒོ་ལག་རྩལ་རྩལ་ནུས་ཀྱི་ཞབས་ཞུའི་བྱེད་སྒོ་སོགས་སྤེལ་རྒྱུ་ཡིན་པ་རེད།