འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་9ཉིན།

༄༅༎རང་རྒྱལ་གྱི་དྲ་རྒྱའི་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་09ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཝུའེ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཧུང་ཐེན་ཡུན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གསར་གཏོད་དང་རྩལ་མཐོའི་འཕེལ་རྒྱས་སིའི་སི་ཀྲང་ཧྲེན་ཀྲུའུ་ལིན། བཟོ་འཕྲིན་པུའི་གསར་འགྱུར་མགྲིན་ཚབ་པ་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་སིའི་སི་ཀྲང་ཝུན་ཁུ་བཅས་ཀྱིས་དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་ལག་བསྟར་བྱས་ཚུལ་ངོ་སྤྲོད་གནང་བ་མ་ཟད། གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད།
     དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་རེད། དབྱང་ཞའོ་ཝུའེ་ཡིས། རང་རྒྱལ་གྱི་དྲ་རྒྱའི་དབུལ་སྐྱོར་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། ས་ཁུལ་དབུལ་པོར་དྲ་རྒྱ་ཁྱབ་པའི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་སྟེ་གྲོང་ཚོ་དབུལ་པོར་འོད་འཁྲིད་ཚི་སྐུད་ཤར་གཏོང་ཐུབ་པའི་བསྡུར་ཚད་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུ་ལག་བསྟར་མ་བྱས་གོང་གི་70%ཡང་མ་ཟིན་པ་ནས་ད་ཆའི་98%བར་འཕར་བ་དང་། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་བཏང་སྟེ་རྫོང་དབུལ་པོ་832ཚང་མར་ཁྱབ་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་དྲ་རྒྱའི་སིལ་ཚོང་གྲངས་འབོར་དེ་2014ལོའི་སྒོར་དུང་ཕྱུར་1800ནས་2019ལོའི་སྒོར་དུང་ཕྱུར་ཁྲི་1.7བར་འཕར་ནས་གཞི་ཁྱོན་ལྡབ་8.4ཆེ་རུ་སོང་བ། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང(སློབ་ཁྲིད་ས་ཚིགས་ཚུད་པ)གི་དྲ་སྦྲེལ་མཐུད་ཚད་2016ལོའི་ལོ་མཇུག་གི་79.2%ནས་2020ལོའི་ཟླ་8པ་བར་གྱི་98.7%བར་འཕར་བ། དྲ་རྒྱའི་དབུལ་སྐྱོར་གྱི་ཆ་འཕྲིན་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པ་དང་། རྒྱལ་ཁབ་རིམ་པའི་རྫོང་དབུལ་པོའི་རྫོང་རིམ་པའི་སྨན་ཁང་ལ་རྒྱང་ཁྲིད་སྨན་བཅོས་ཡོངས་ཁྱབ་ཐུབ་པ། རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་རྨང་གཞིའི་དངུལ་རྩའི་ཞབས་འདེགས་ཁྱབ་ཚད་99.2%ཟིན་ཡོད་ཅེས་བརྗོད།
     ཉེ་བའི་ལོ་གཉིས་རིང་ཐད་གཏོང་ཟོག་ཚོང་གི་རྣམ་པ་འཁྲུག་ཏུ་ཕྱིན་ཞིང་། ཧུང་ཐེན་ཡུན་ཡིས། བར་བརྒྱུད་ལྷུ་ཚིགས་ཉུང་དུ་གཏོང་བ་དང་ཐོན་རྫས་བྲིན་ཚོང་ལ་སྐུལ་འདེད་བཏང་ནས་ས་ཁུལ་དབུལ་པོའི་ཞིང་ལས་ཐོན་རྫས་རིན་གོང་མཐོ་པོ་བྱས་ནས་འཚོང་ཐུབ་པར་ཐད་གཏོང་ཟོག་ཚོང་གིས་ནུས་པ་གལ་ཆེན་ཐོན་ཏེ། འཛད་སྤྱོད་ཁྲོམ་ར་འཕར་བར་སྐུལ་སྤེལ་ཐུབ་པ་དང་། དེའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ་དང་ཚད་ལྡན་དུ་གཏོང་དགོས། དེ་དང་ཆབས་ཅིག ཐད་གཏོང་ཟོག་ཚོང་ནི་ཁྲོམ་རར་ཕྱོགས་པའི་ཚོང་ལས་བྱེད་སྟངས་ཤིག་རེད། ཁྲོམ་རའི་ཆོས་ཉིད་ལ་བརྩི་འཇོག་བྱེད་དགོས་པ་དང་། ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་འབྲེལ་ཡོད་དྲ་ཐོག་ཚོང་དོན་ཁེ་ལས་དང་དྲ་སྦྲེལ་གྱི་ལས་སྟེགས་ལ་ཁྲིད་སྟོན་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་དགོས། དབུལ་སྐྱོར་སྡེ་ཚན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་དབུལ་སྐྱོར་ཐོན་རྫས་ཀྱི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་སྟེ་དབུལ་སྐྱོར་གྱི་མཚོན་རྟགས་ལ་བརྟེན་ནས་རྒྱུ་ནོར་བསྡུ་ལེན་གྱིས་ཁེ་བཟང་རག་ཐབས་བྱེད་པའི་བྱེད་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་བརྗོད།
    ཧྲེན་ཀྲུའུ་ལིན་གྱིས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། དྲ་འཕྲིན་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་ཀུའེ་ཀྲོའུ་དང་སི་ཁྲོན་སོགས་ས་ཁུལ་7དང་མཉམ་དུ་དྲ་རྒྱའི་དབུལ་སྐྱོར་གྱི་ཚོད་ལྟའི་ལས་དོན་སྤེལ་ནས། མ་དངུལ་བསྡུ་རུབ་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་དྲ་རྒྱའི་དབུལ་སྐྱོར་ཐད་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ནུས་པ་འདོན་སྤེལ་བྱས་ཏེ“2+N”གྱི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་སྟངས་བཙུགས་པ་བརྒྱུད། ཚོད་ལྟའི་ས་ཁུལ་འགའ་ཞིག་ཏུ་དྲ་རྒྱའི་དབུལ་སྐྱོར་གྱི་ཆེད་དོན་ལས་སྒོར་སྐུལ་འདེད་བཏང་ཞིང་། ལོ་དེ་དག་རིང་བསྡོམས་རྩིས་བྱས་ན་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར་30ཙམ་བཏང་ཡོད་ཅེས་ངོ་སྤྲོད་བྱས།
     དྲ་རྒྱ་ཡོངས་ཁྱབ་ཐུབ་པ་ནི་དྲ་རྒྱའི་དབུལ་སྐྱོར་གྱི་རྨང་གཞི་གལ་ཆེན་ཞིག་ཡིན། ཝུན་ཁུ་ཡིས། བཟོ་འཕྲིན་པུའུ་དང་ནོར་སྲིད་པུས་ལོ་ཤས་བསྟུད་མར་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་དྲ་རྒྱ་ཁྱབ་ཚད་མུ་མཐུད་ཆེ་རུ་བཏང་བ་དང་། 4Gདང་འོད་འཁྲིད་ཚི་སྐུད་དྲ་བའི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་དང་འབྲེལ། གྲོང་གསེབ་ས་ཁུལ་དུ་5Gདྲ་རྒྱ་འཛུགས་རྒྱུ་རིམ་བཞིན་འཚོལ་ཞིབ་བྱེད་པ་དང་གྲོང་གསེབ་དང་ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད་ཅེས་བརྗོད།